R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༡ན
[A:༢༡ན]འཐད་ཅེས་གསུང་རྒྱུར་སྣང་ལ། དེའི་ལན་པཎ་ཆེན་རིན་པོ་ཆེའི་རྣམ་ཐར་སྒོ་བརྒྱད་པ་ལས་གསུངས་ཚུལ་གོང་དུ་བཀོད་པ་དེ་དག་གི་སྙིང་པོ་ནི། སྤྱི་རྒྱུད་ཀྱི་སློབ་མ་རྗེས་འཛིན་ནི་གང་ཟག་གི་བློ་རིགས་བརྟགས་ནས་དེ་དང་འཚམས་པར་བློ་རིམ་གྱིས་དཀྲིས་ཟིན་པ་སློབ་དཔོན་གྱི་རྗེས་སུ་བཟུང་། བསྲུང་བ་སོགས་བྱས་པ་དེ་ཙམ་ལ་བཤད་ཅིང་། དེ་ལྟ་བུ་ནི་སེམས་བསྐྱེད་ཀྱི་སྡོམ་པ་ཕོག་ཟིན་པ་ཡིན་ལ་གྲུབ་ཟིན་པས། སླར་ཡང་སྤྱི་རྒྱུད་ནས་བཤད་པའི་རྗེས་འཛིན་བྱས་ན་སྣང་གསུམ་གྱི་ཁྲིད་ལན་གཉིས་བྱེད་དགོས་པར་གྱུར། དེས་ན་སྤྱི་རྒྱུད་ནས་བཤད་པའི་རྗེས་འཛིན་དང་། ངོར་ལུགས་ཀྱི་ཕྱག་ལེན་ལ་ཡོད་པའི་རྗེས་འཛིན་གྱི་ཁྱད་པར་རྗེས་འཛིན་གྱི་རྟོགས་པ་མ་སྐྱེས་པ་སྐྱེད་པར་བྱེད་པ་དང་། སྐྱེས་ཟིན་བརྟན་པར་བྱེད་པ་གཉིས་ཀྱི་སྒོ་ནས་ཕྱེ་བ་ཡིན་ཞིང་། དེའི་ཚེ་སྔ་མ་ལ་གྲངས་ངེས་དགོས་པ་དང་། ཕྱི་མ་ལ་མི་དགོས་པས་སྤྱི་རྒྱུད་དང་ནི་བཤད་ཚུལ་མི་འདྲ་བས་འགལ་བར་སྣང་ཡང་སྐྱོན་མེད། དབང་ཆུའི་དེ་ནི་སྤྱི་ཁྱབ་ཏུ་སྦྱོར་རྒྱུ་མིན་པས་མི་འགལ། དེང་སང་སེམས་བསྐྱེད་ཆེན་མོ་བྱས་པའི་ཕྱིས་ཉིན་ཕྱག་ལེན་མཛད་པའི་སློབ་མ་རྗེས་འཛིན་དུ་གྲགས་པ་ནི་སྔགས་ཀྱི་ཐར་པ་ཆ་མཐུན། དེ་ནས་སྔགས་ལམ་དངོས་ལ་འཇུག་པ་ནི་རྗེས་འཛིན་དངོས་ཏེ་སློབ་མ་སྟ་གོན་ནོ། །སྤྱི་རྒྱུད་ཀྱི་སློབ་མ་རྗེས་འཛིན་གྱི་དངོས་གཞི་སློབ་མ་སྟ་གོན་ཡིན་པ་ནི། ཆོས་རྗེ་ས་པཎ་གྱིས་ཉེར་ལྔ་ལས་ལྷག་པ་རྗེས་སུ་མི་བཟུང་བའི་ཤེས་བྱེད་དུ། དེ་བས་ལྷག་པའི་སློབ་མ་ལ། །ཞེས་སོགས་བཀོད་པས་གྲུབ། གལ་ཏེ་རྗེས་བཟུང་བྱས་གྱུར་པ། །ཞེས་སོགས་དང་། སྟ་གོན་གནས་སུ་མ་