R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༢བ
[A:༢༢བ]ཅིང་། ལམ་འབྲས་ཀྱི་རྗེས་འཛིན་གྱི་གྲངས་ངེས་དེ་མེད་པས། རྗེས་འཛིན་དེ་གཉིས་ཆར་ངོར་ལུགས་ལ་མེད་པར་སོང་། རྣམ་སྣང་མངོན་བྱང་གི་ལུང་དེ་ནེ་སྤྱོད་རྒྱུད་ལ་གྲངས་ངེས་མི་དགོས་པ་དང་། རྒྱུད་སྡེ་གཞན་གསུམ་ལ་གྲངས་ངེས་དགོས་པའི་ལུང་དང་། སློབ་མ་རྗེས་སུ་བཟུང་བ་གང་། །ཞེས་སོགས་ཀྱིས་ཀྱང་རྗེས་འཛིན་གྲངས་མེད་ལ་བྱེད་པ་བཀག་གསུང་བར་སྣང་ངོ་། །ཡང་པཎ་ཆེན་རིན་པོ་ཆེའི་ལེགས་བཤད་གསེར་ཐུར་གྱི་དྲི་བར། གསང་བ་སྤྱི་རྒྱུད་དག་ལས་ནི། །དཀྱིལ་འཁོར་དག་ཏུ་དབང་བསྐུར་བའི། །སློབ་མ་གཉིས་དང་བཞི་ལ་སོགས། །ཟུང་དུ་བཤད་པ་འགའ་ཞིག་ཡོད། །ཅེས་པ་དང་། སྤྱོད་པའི་རྒྱུད་ཀྱི་དབང་སྐུར་ལ། །སློབ་མ་གྲངས་ངེས་མེད་གྱུར་ན། །གཅིག་ནས་བཅུ་ཡི་བར་དག་གི །གྲངས་ངེས་མཛད་པ་ཇི་ལྟར་ཡིན། །གསང་བ་སྤྱི་རྒྱུད་ལུང་གིས་ནི། །རྗེས་བཟུང་ཆོ་གས་སློབ་མ་རྣམས། །རྗེས་འཛིན་དུས་ཀྱི་སློབ་མ་ཡི། །གྲངས་ངེས་བསྟན་པ་མ་ཡིན་ནམ། །ཞེས་གསུངས་ནས། དྲི་བ་དང་པོའི་རང་ལན་དུ། སྤྱི་རྒྱུད་ཀྱི་དགོངས་པ་ནི་རྗེས་འཛིན་དང་སྟ་གོན་གྱི་དུས་སུ་ཉེར་ལྔ་མན་ཆད་ཀྱིས་གྲངས་ཁ་ཡར་བ་ཅི་ཡོད་ཐབས་གཅིག་ཏུ་ཚོགས་པ་ལ་རྗེས་འཛིན་དང་སྟ་གོན་ཡོངས་སུ་རྫོགས་པར་བྱས་ནས། དབང་དངོས་གཞི་སློབ་མ་རེ་རེ་ནས་བྱེད་པ་ཡིན། སྟ་གོན་གྱི་ཚེ་ནི་ཐམས་ཅད་ཅིག་ཅར་འཚོགས་དགོས་ཏེ་མ་ཚང་ན་སྐྱིན་པོ་དང་། དེའང་མ་འབྱོར་ན་གཟུགས་བརྙན་བྱས་ནས་སྟ་གོན་བྱེད་དགོས་ཏེ། སྤྱི་རྒྱུད་ལས། སློབ་མ་ཡོངས་སུ་བཟུང་བ་གང་། །སྟ་གོན་གནས་ཚེ་མེད་ན་ནི། །དེ་ཡི་གཟུགས་བརྙན་བྱས་ནས་སུ། །ཇི་སྐད་བཤད་པའི་ལས་