R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༧བ
[A:༢༧བ]དབང་གི་རྗེས་ལ་བྱ་བ་ཡིན་པའི་ཕྱིར། དེའི་དབང་བསྐུར་ཚུལ་དང་དཀྱིལ་འཁོར་བསྒྲུབ་ཚུལ་རྣམས་དབང་སྔ་མ་དེ་བཞིན་དུ་བྱ་བར་གསུངས་པས་སྔ་ཕྱི་རིམ་ཅན་དུ་བསྟན་པའི་ཕྱིར། གཞན་དུ་ན། བསྒྲུབ་པའི་དཀྱིལ་འཁོར་དབང་བསྐུར་བྱ། །ཞེས་པའི་འཕྲོས་ལས། དབང་བསྐུར་བ་ཡི་ཆོ་ག་དང་། །བསྒྲུབ་པའི་ཆོ་གའང་དེ་བཞིན་བྱ། །ཞེས་གསུངས་པའི་དོན་ཇི་ལྟར་འཆད་དེ། དེ་བཞིན་སྙེག་མཚམས་དགོས་སོ་ཞེས་པ་དང་། བླ་མས་སློབ་མ་གཅིག་པུ་ནི། །དཀྱིལ་འཁོར་དག་ཏུ་དབང་བསྐུར་བྱ། །ཞེས་པ་ནས། ཐམས་ཅད་སོ་སོ་སོ་སོར་བྱ། །ཞེས་པའི་དོན་ནི་སྤྱིར་བཏང་དབང་ཕལ་ཆེར་ལ་དེ་ལྟར་དུ་མ་ངེས་ཀྱང་། བྱ་རྒྱུད་རང་ལུགས་ཀྱི་དབང་འགའ་ཞིག་བསྐུར་བ་ན་སློབ་མ་གཉིས་སམ་གསུམ་སོགས་སུ་ཡོད་པ་ལ་དཀྱིལ་འཁོར་བསྒྲུབ་པའང་ལན་གྲངས་དེ་བཞིན་དུ་བྱ་ཞིང་། སློབ་མའང་དང་པོར་གཅིག་ཁོ་ན་ལ་དབང་བསྐུར། དེ་ནས་ཡང་མཆོད་པའི་ཡོ་བྱེད་སོགས་གསར་པ་བཤམས་ནས་ཅིག་ཤོས་ལ་བསྐུར་བ་སོགས་སློབ་མ་ཇི་ཙམ་ཡོད་པ་མ་རྫོགས་ཀྱི་བར་དུ་དེ་ལྟར་བྱ་བའི་ཕྱག་ལེན་འགའ་ཞིག་ཡོད་པ་བསྟན་ཏེ། སྤྱི་རྒྱུད་ཉིད་ལས། སློབ་མ་རེ་རེ་ནས་བཀུག་སྟེ། །བསང་གཏོར་སྔ་མ་བཞིན་བྱས་ལ། །ཞེས་དང་། སློབ་མ་གཅིག་ནས་བཀུག་ནས་ནི། །ཆོ་ག་བཞིན་དུ་ཡོན་ཕུལ་ཏེ། །ཆོ་ག་ཤེས་པར་བསང་གཏོར་བྱ། །ཞེས་གསུངས་པའི་ཕྱིར་ཞེས་འབྱུང་ངོ་། །ཡང་པཎ་ཆེན་རིན་པོ་ཆེས་རྗེས་འཛིན་གྱི་སློབ་མ་དངོས་གཞི་ལ་སླེབས་ངེས་པའི་དབང་དུ་བྱས་ནས་གཟུགས་བརྙན་བཅུག་པ་ཡིན་གསུང་བ་ནི། རྒྱུད་ཚིག་དེ་དག་གི་དོན་ལ་ཐུགས་གཡེལ་བར་ཟད་དོ་ཞེས་བདག་གི་བླ་