R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༩བ
[A:༢༩བ]མ་ཐག་པའི་རྣམ་སྣང་མངོན་བྱང་གི་ལུང་ཚོ་གཉིས་པོ་དེ་དག་གི་དོན་ལ་བདག་གི་ཡོངས་འཛིན་དམ་པ་མཁན་ཆེན་འཇམ་པའི་དབྱངས་ཀྱི་གསུང་ལས། དེས་ན་མངོན་བྱང་ལས་བཅུ་ཚུན་ཆད་དང་། ཚད་མེད་པ་གཉིས་གསུངས་པ་ལ་དགོངས་པ་འགྲེལ་ཚུལ་འདི་ལྟར་བྱ་སྟེ། སྐལ་ལྡན་རིགས་སད་པའི་ལས་འཕྲོ་ཅན་ཉུང་ཤས་ཤིག་རྗེས་སུ་འཛིན་པའི་ཚུལ་དང་། སྐལ་དམན་ལམ་གྱི་སྦྱངས་བ་སྔོན་དུ་མ་སོང་བ་མཐའ་ཡས་པ་ཞིག་སྙིང་རྗེས་རྗེས་སུ་འཛིན་པའི་ཚུལ་གཉིས་ལས་དང་པོའི་དབང་དུ་བྱས་ནས་བཅུ་ཚུན་ཆད་གསུངས་ཤིང་། དེ་དག་རྗེས་སུ་བཟུང་ཚར་མ་ཐག་དབང་བསྐུར་བས་ཆོག་པ་ཡིན་ཏེ་ཞེས་གསུངས་ནས། རྣམ་སྣང་མངོན་བྱང་གི་ལུང་། སློབ་མ་དད་ཅིང་རིགས་བཙུན་པ། །ཞེས་སོགས་འདྲེན་པར་མཛད། རྗེས་སུ་འཛིན་ཚུལ་གཉིས་པའི་དབང་དུ་བྱས་ནས་སེམས་ཅན་ཚད་མེད་པ་བཤད་ཅིང་། དེའང་རེ་ཞིག་དབང་མི་བསྐུར་བར་སྐྱབས་འགྲོའི་སྒོ་ནས་སོ་ཐར་ལ་སྦྱངས་ཞིང་དགེ་སྡིག་གི་བླང་དོར་བསྟན། དེ་ནས་མེ་ཏོག་ལ་སོགས་པས་མཆོད་པས་ཚོགས་བསག་ཏུ་བཅུག་ནས་སེམས་བསྐྱེད་འབོགས་ཤིང་། དེའི་རྗེས་སུ་དབང་བསྐུར་བ་ཡིན་ཏེ་ཞེས་གསུངས་ནས། འོན་ཀྱང་སློབ་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པས་ཞེས་སོགས་འདྲེན་པར་མཛད་པ་ནི་མཁས་པའི་ལེགས་བཤད་བླ་མེད་དུ་སྣང་ངོ་། །ཡང་སྤྱིར་རྗེ་བཙུན་གོང་མས་དབང་གི་སློབ་མ་ལ་གྲངས་ངེས་མཛད་པ་དང་། ཁྱད་པར་ཆོས་རྗེ་ས་པཎ་གྱིས་སྤྱི་རྒྱུད་ཀྱི་ལུང་གིས་བྱ་རྒྱུད་དང་རྣལ་འབྱོར་རྒྱུད་དང་བླ་མེད་གསུམ་གྱི་དབང་གི་སློབ་མ་ལ་གྲངས་ངེས་མི་བྱེད་པ་དགག་པ་ལ། འབྲུག་པ་སྤྲུལ་སྐུ་པདྨ་དཀར་པོས་བརྟག་གཉིས་ཀྱི་