R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༠ན
[A:༣༠ན]དྲི་བར། སྣོད་རུང་གང་ཟག་ཉེར་ལྔ་ལས་གཞན་པ། །འཇུག་པ་བླ་མེད་རྒྱུད་སྡེ་གང་དུ་བཀག །བྱ་བའི་རྒྱུད་ལས་སྐབས་འདིར་བཙན་པའི་ལུང་། །དཔལ་ལྡན་དུས་ཀྱི་འཁོར་ལོ་སྣང་མིན་ནམ། །ཞེས་བརྩད་ཅིང་དྲི་བར་མཛད་པ་དང་། དྲི་བ་དེ་ཉིད་ཀྱི་ལན་གོང་དཀར་བ་མཁྱེན་བརྩེ་ཆོས་མཛད་ཅེས་པས་མཛད་པ་ལ། སླར་སྤྲུལ་སྐུ་ཉིད་ཀྱིས་ལན་ཞིག་མཛད་པའི་ནང་ན་བྱ་བའི་རྒྱུད་འདིའི་ལུང་། མཁས་པས་སློབ་མ་གཅིག་གམ་གསུམ། །ལྔ་འམ་ཡང་ན་བདུན་དག་གམ། །ཉི་ཤུ་རྩ་ནི་ལྔ་ཡི་བར། །ཟུང་དུ་མ་གྱུར་སློབ་མ་བཟུང་། །དེ་བས་ལྷག་པའི་སློབ་མ་ནི། །ཡོངས་སུ་གཟུང་བར་མི་ཤིས་སོ། །ཞེས་པ་འདི་ཀུན་ལ་སྦྱོར་དུ་བཏུབ་ལ། རྣམ་སྣང་མངོན་བྱང་ལས། བཅུ་འམ་བརྒྱད་དམ་བདུན་ནམ་ལྔ། །གཅིག་གཉིས་བཞི་ལས་ལྷག་ཀྱང་རུང་། །དཔྱད་མི་དགོས་པར་གཟུང་བར་བྱ། །ཞེས་པ་འདི་ཀུན་ལ་སྦྱོར་དུ་མི་རུང་བ་ཇི་ལྟར་འཐད་ལྡན་གྱི་རིགས་པས་བརྟགས་ན། བྱ་རྒྱུད་ལས་སྤྱོད་རྒྱུད་ཕུལ་དུ་གྱུར་པ་ཡིན་པས་དེ་དབང་བཙན་པར་བྱེད་དགོངས་སོ་ཞེས་སོགས་གསུངས་སོ། །དེའི་ཚིག་རྐང་དང་པོ་གཉིས་ལ་རྣམ་དཔྱད་ཆེར་མི་སྣང་སྟེ། དབང་གི་སློབ་མ་ཉེར་ལྔ་ལས་ལྷག་པ་དང་། དེ་ལས་ཉུང་ཡང་ཁ་འཆམས་ལ་མི་རུང་བས་དང་། བླ་མེད་ཀྱི་རྒྱུད་སྡེ་དག་ཏུ་ཚིག་ཟིན་ལ་མེད་པའི་རྒྱུ་མཚན་གྱིས་རྒྱུད་སྡེ་འོག་མའི་ལུང་འདྲེན་པར་མཛད་པ་ཡིན་ལ། དེ་ལྟར་མཛད་པ་དེའང་ཁྱེད་ཀྱི་ཐུགས་ལ་ས་པཎ་གྱིས་སྦྱོར་དུ་རུང་མི་རུང་མ་གཟིགས་པར་རང་གར་སྦྱར་འདུག་དགོངས་ནས་དེ་ལྟར་གསུངས་པར་སྣང་ནའང་། ཆོས་རྗེ་མཁྱེན་རབ་ཀྱི་དབང་ཕྱུག་འདི་ནི་