R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༦བ
[A:༤༦བ]གཉིས་གང་ཡིན་ལ་ཁྱད་པར་མེད་དེ། ཇི་སྐད་བཤད་པའི་ཁྲིད་རིམ་དེ་ཞུས་ལན་གསལ་བ་དེར་བཤད་པའི་ལམ་གྱི་གོ་རིམ་དང་མཐུན་པས་རྗེ་བཙུན་གྱི་དགོངས་པར་སྣང་བས་སོ། །དེ་ལྟར་ཡང་ཞུས་ལན་དེ་ཉིད་ལས། ཕ་རོལ་ཕྱིན་པའི་ལམ་གྱི་རིམ་པ་བཤད་ཟིན་པའི་འོག་ཏུ། དེ་ཙམ་གྱིས་ཀྱང་བློ་གྲོས་མ་ཁེངས་པའི། །བློ་ཅན་སྦྱངས་པ་ཟབ་མོ་དག་ལ་མོས། །རྡོ་རྗེ་འཆང་དབང་མྱུར་དུ་སྒྲུབ་འདོད་པ། །དེ་ལ་རྡོ་རྗེ་ཐེག་པ་སྦྱིན་པར་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ལུགས་གཉིས་པོ་དེའི་དགོངས་པ་ལེན་ལུགས་འདི་ལྟ་བུ་ཞིག་ཤེས་ན་ངོར་རྫོང་གཉིས་པོ་ཧ་ཅང་མི་མཐུན་པ་རྒྱབ་འགལ་དུ་སོང་འདུག་སྙམ་པའི་བློས་དུས་འདའ་མི་དགོས་པར་འགལ་མེད་ཀྱི་གནད་ཟབ་མོ་རྟོགས་པར་འགྱུར་རོ། །རྒྱུ་མཚན་དེས་ན་རྫོང་ལུགས་ཀྱི་མི་ཤེས་པ་དག་གིས་ངོར་པའི་ལུགས་འདི་རྗེ་བཙུན་གོང་མའི་གསུང་དང་མི་མཐུན་ནོ་ཞེས་སྐུར་བ་འདེབས་པ་དང་། ངོར་ལུགས་ཀྱི་མི་མཁས་པ་དག་གིས་ཀྱང་རྗེ་བཙུན་གོང་མའི་བཞེད་པ་ངོར་པའི་འདི་ཁོ་ན་ཡིན་གྱི་རྫོང་པའི་ལུགས་དེ་ས་ལུགས་དང་གཏན་ནས་མི་མཐུན་ནོ་ཞེས་ཟེར་བ་དག་ཡོད་ཀྱང་། དེ་དག་ནི་ཆོས་སྤོང་བའི་ལས་སུ་འགྲོ་བས་བློ་གྲོས་དང་ལྡན་པ་དག་གིས་བྱ་བ་མ་ཡིན་ཏེ། ལུགས་དེ་གཉིས་ཀར་འཐད་ལྡན་ཡིན་པར་ཤེས་ལྡན་གཟུ་བོར་གནས་པའི་མཁས་པ་དག་གིས་མགྲིན་གཅིག་ཏུ་གསུངས་པས་སོ། །དེ་ལྟར་ཡང་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་ངག་བཤད་ཐབས་ཀྱི་མན་ངག་གསང་བ་སྒོ་འབྱེད་ལས་འཕྲོས་པའི་དྲི་ལན་ཟབ་དོན་སྙིང་པོ་ལས། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོའི་དྲུང་གི་གསང་བ་སྒོ་འབྱེད་དུ་ཉམས་མྱོང་མ་སྐྱེས་