R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༦ན
[A:༤༦ན]གྲུབ་ཅིང་། དེ་ལྟ་བུ་ལ་གསུང་ངག་འཆད་པའི་ཚེ་སྣང་བ་གསུམ་གྱི་ཁྲིད་ངེས་པར་བསྟན་མི་དགོས་ཀྱང་། དེ་བསྟན་པས་གཞུང་ཇི་ལྟ་བཞིན་བཀྲི་བའི་ཁྲིད་ཀྱི་ཁ་ཚང་པའི་དགོས་པ་ཡོད་ཅིང་། གང་ཟག་དེས་ཐུན་མོང་གི་ལམ་བྱམས་པ་དང་སྙིང་རྗེ་སོགས་བསྒོམ་པ་ལ་ཕན་ཡོན་མ་གཏོགས་ཉེས་པ་འབྱུང་བའང་མ་ཡིན་ལ། དཔེར་ན་རྒྱུ་དབང་ཐོབ་པའི་གང་ཟག་གིས། དབུ་མའི་ལྟ་ཁྲིད་དང་། ཞི་བྱེད། གཅོད་ཁྲིད། བློ་སྦྱོང་གི་ཁྲིད་ལ་སོགས་པ་ཉན་བསྒོམ་གཉིས་ཀ་རུང་བ་བཞིན་ནོ། དེས་ན་གང་ཟག་དེ་ལྟ་བུ་མ་ཡིན་ཡང་རྒྱུད་སྦྱངས་བ་སྔོན་དུ་སོང་བའི་གདུལ་བྱ་འགའ་ཞིག་ལ་སྣང་གསུམ་གྱི་སྔོན་དུ་དབང་བྱས་པས་ཉེས་པ་མེད་ཅིང་། དབང་གི་རྗེས་སུ་སྣང་གསུམ་བསྟན་ན་མི་ལེགས་པའང་མ་ཡིན་པར་བཤད་དོ། །ཡང་སྣང་གསུམ་གྱི་སྔོན་དུ་དབང་ངེས་པར་དགོས་པའང་མ་ཡིན་ཏེ། སྐལ་དམན་རིམ་འཇུག་པའི་ལམ་རིམ་ལྟར་ན་དང་པོར་འཁོར་བའི་ཉེས་དམིགས། ལས་རྒྱུ་འབྲས། འཆི་བ་མི་རྟག་པ། བྱམས་སྙིང་རྗེ། བྱང་ཆུབ་ཀྱི་སེམས་སོགས་ཐུན་མོང་བའི་ལམ་རྣམས་ཀྱིས་བློ་རིམ་གྱིས་སྦྱངས་ནས། གཟོད་སྔགས་ལ་མོས་ཤིང་སྔགས་ཀྱི་སྣོད་རུང་དུ་གྱུར་པ་ན་དབང་བསྐུར་ཞིང་ཁྲིད་སྟོན་པ་ནི་མདོ་རྒྱུད་ཀྱི་ལམ་སྤྱི་དང་མི་འགལ་ཞིང་གསུང་ངག་རྡོ་རྗེའི་ཚིག་རྐང་གི་བཞུགས་ཚུལ་དང་བབས་འགྲིགས་པ་དང་། དེར་མ་ཟད་རྗེ་བཙུན་རིན་པོ་ཆེའི་གྲྭ་སྟོན་ཞུས་ལན་འདི་མདོ་རྒྱུད་སྤྱིའི་ལམ་རིམ་སྟོན་བྱེད་དང་། གསུང་ངག་གཞུང་ཇི་ལྟ་བ་བཞིན་གྱི་ཁྲིད་རིམ་དང་མཐུན་པའི་ལམ་རིམ་སྟོན་བྱེད་གང་ཡིན་ལ་ངོར་རྫོང་གཉིས་མི་མཐུན་ཡང་། དེ་