R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༠ན
[A:༥༠ན]འདི་ནི་མི་འཐད་པ་ཆེན་པོ་ཡིན་ནོ་ཞེས་མ་བརྟགས་པར་ཆོ་ངེ་ཆེན་པོ་འདེབས་པ་མང་པོ་འདུག་པའི་རྒྱུ་མཚན་གྱིས་བྲིས་པ་ཡིན་ཞེས་པ་དང་། དེའི་འོག་ཙམ་དུ་ཁྱད་པར་རྣལ་འབྱོར་དབང་ཕྱུག་བིརྺ་པའི་གསུང་ངག་ལམ་འབྲས་ཀྱི་ལམ་གྱི་རིམ་པ་འདི་སྐལ་དམན་རིམ་གྱིས་པའི་ལམ་གྱི་བཀྲི་ཚུལ་ཁོ་ནར་འདོད་པའང་སྔོན་གྱི་དམ་པ་གོང་མ་རྣམས་ལ་སྐུར་འདེབས་སུ་འགྲོ་ཞིང་། རང་ཕྱོགས་འགའ་ཞིག་ལ་སྡང་ཤུགས་ཀྱི་དམོད་པར་སོང་བས་འདི་འདྲའི་རིགས་གསུང་རབ་ཀྱི་གནད་གོ་བ་རྣམས་དང་། དེ་མ་གོའང་ལས་འབྲས་ལ་འཛེམ་བག་བྱེད་པ་རྣམས་ཀྱིས་མི་གསུང་བ་ཞུ། ཆོས་ཀྱི་སྤྱན་ལྡན་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས། སྣང་གསུམ་སྔོན་དུ་དབང་སྐུར་བ། །ངེས་པར་དགོས་ཞེས་ཟེར་བ་ཡི། །ལམ་འབྲས་པ་ལ་འདི་སྐད་དྲི། །ཞེས་གསུངས་པའི་ཚིག་གི་ནུས་པ་མྱང་ཤེས་ན་སྣང་གསུམ་གྱི་སྔོན་དུ་ངེས་པར་དབང་བསྐུར་བ་དགོས་ཟེར་བ་ལ་དགག་པ་མཛད་པ་ཡིན་གྱི། སྤྱི་བབས་སྔོན་ལ་དབང་བསྐུར་ནས་ལམ་འབྲས་ཀྱི་སྔོན་འགྲོ་དངོས་གཞིའི་ཁྲིད་བསྟན་པ་ལ་དགག་པ་མཛད་རྒྱུ་མ་ཡིན། ངོར་པ་རང་གི་ལམ་འབྲས་ཀྱི་ཁྲིད་འཆད་ཚུལ་གྱི་དགོངས་པ་འདི་གྲྭ་སྟོན་ཞུས་ལན་ལས་ཇི་སྐད་གསུངས་པ་དང་མཐུན་པ་ཡིན་ཞིང་། དེང་སང་གི་གདུལ་བྱ་དག་ལ་བཀྲི་ཚུལ་གྱི་རིམ་པ་འདི་ལེགས་ཤིང་སྐབས་སུ་བབས་པ་ཡིན། དེ་སྐད་དུའང་ངོར་ཆེན་ཉིད་ཀྱི་གསུང་སྔར་དྲངས་པའི་འཕྲོ་ལས། མདོར་ན་གྲྭ་སྟོན་ཞུས་ལན་དང་། །མཐུན་པའི་ཉམས་ལེན་ཁུངས་མ་ཞིག །གངས་ཅན་འདི་ན་ཡོད་དམ་མེད། །ཡོད་ན་དེ་ཡི་མཚན་གཞི་འདྲི། །ཞེས་གསུངས་པས་ཀྱང་ངོར་