R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༩བ
[A:༤༩བ]ཕྱག་ལེན་མ་དག་པའང་མ་ཡིན་ཏེ། རྗེ་བཙུན་གོང་མའི་སྐབས་ནས་རྒྱུད་སྦྱངས་བ་སྔོན་དུ་སོང་བའི་སློབ་མ་རྣམས་ལ་ཐོག་མར་དབང་བསྐུར་ནས། དེ་ནས་སྣང་གསུམ་སོགས་ཁྲིད་ཀྱི་རིམ་པ་སྟོན་པའང་མང་དུ་བྱུང་། ཡང་རྒྱུད་སྦྱངས་པ་སྔོན་དུ་མ་སོང་བ་འགའ་ཞིག་གམ་སྦྱངས་བ་སྔོན་དུ་སོང་མ་སོང་ཐུན་མོང་དུ་ཚོགས་པ་རྣམས་ལ་ཐོག་མར་སྣང་བ་གསུམ་གྱི་ཁྲིད་རིམ་ཕར་ཕྱིན་རང་རྐང་ལ་སྦྱར་ནས་རྒྱུད་སྦྱངས་ཏེ་དེ་ཙམ་གྱིས་ཆོག་པར་བཟུང་ནས་སྔགས་ལ་མི་མོས་པ་དག་ལ་དབང་མི་བསྐུར། སྔགས་ལ་མོས་ཤིང་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་འདོད་པ་དག་ལ་དབང་བསྐུར་ཏེ་སྔགས་ལམ་གྱི་ཁྲིད་སོགས་རྒྱས་པར་འཆད་པ་ད་ལྟའི་བར་དུ་ངོར་པ་དག་གི་ཕྱག་ལེན་ལ་ཡོད་ཅིང་། གྲྭ་སྟོན་ཞུས་ལན་དུ་གསལ་བར་འབྱུང་བ་དེ་ཡིན། དེ་ལྟར་སྔ་མོ་ནས་སྲོལ་གཉིས་བྱུང་བ་དེ་མི་སེམས་པར་ཕྱོགས་འཛིན་གྱི་སྒོ་ནས་ཆོས་སྤོང་གི་ལས་བསོག་པ་འགའ་ཞིག་ཆོས་རྗེ་བླ་མ་སློབ་བརྒྱུད་དང་བཅས་པ་ལ་སྐུར་འདེབས་བྱེད་པ་དང་། ངོར་པ་ནང་ཚོགས་ཀྱི་ལུགས་སྲོལ་ཐ་དད་པ་ན་ཡང་པཎ་ཆེན་ཀོང་སྟོན་གྱིས་མཛད་པའི་ཁྲིད་ཡིག་ན་སྣང་གསུམ་གྱི་སྐབས་སུ་བླ་མ་རྡོ་རྗེ་འཆང་དུ་བསྒོམ་པར་བཤད་པ་དང་། ཁྱད་པར་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་བརྒྱུད་འཛིན་དང་བཅས་པ་སྣང་གསུམ་ཁྲིད་ཀྱི་སྐབས་འདིར་བླ་མ་བརྒྱུད་པ་དང་བཅས་པ་རྡོ་རྗེ་འཆང་དུ་བསྒོམས་ནས་སྐྱབས་སུ་འགྲོ་བར་མཛད་པ་ལ། ཕྱིས་ཀྱི་རང་ཕྱོགས་པ་ཕལ་ཆེར་དེ་ནི་མི་འཐད་དེ། སྣང་གསུམ་ཁྲིད་འདི་ཕར་ཕྱིན་ལམ་གྱི་སྐབས་ཡིན་ཞིང་། ཕ་རོལ་ཏུ་ཕྱིན་པ་ལ་བླ་མ་རྡོ་རྗེ་འཆང་དུ་བསྒོམ་པ་མེད་པའི་ཕྱིར། དེས་ན་