R4: གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

  • Pagination (Witness A): ༡༤༨
[A:༡༤༨]པའི་ཡིད་ལ་ཤར་ཚད་ལག་ཏུ་མི་ལེན་པའི་མིག་ལྟོས་མཆོག་ཏུ་བཟང་། ཆོས་རྗེ་བསོད་གྲགས་པས། ཆོས་རྒྱལ་ཆེན་པོ་འདི་ཉིད་ཀྱི་བློན་པོའི་ཁྲོད་དུ་བྲག་དཀར་བ་ཤེས་རབ་བཀྲ་ཤིས་འདྲེན་པ་ནི། ཤེར་བཀྲས་པས་གོང་མ་ཏའི་སི་ཏུའི་སྐབས་ཧོར་རྒྱལ་པོའི་དྲུང་དུ་འཇའ་ས་ཞུ་བར་བྱོན་པའི་དུས་དགུང་ལོ་བཞི་བཅུ་རྩ་བདུན་གྱི་ཁར་སླེབ་ཅིང་། སི་ཏུ་རིན་པོ་ཆེ་ནས་གོང་མ་འདིའི་རིང་ལ་གདན་རབས་ཀྱང་འགའ་ཞིག་སོང་བས། དྲུང་ཆེན་ཤེར་བཀྲས་པ་འོང་བའི་དོན་མེད་ཅིང་། རིན་སྤུངས་ནམ་མཁའ་རྒྱལ་པོ་ནམ་མཁའ་རྒྱལ་མཚན་གྱི་སྲས་ཡིན་ཀྱང་། ནམ་མཁའ་རྒྱལ་མཚན་གྱི་སྔོན་ལ་འདྲེན་པ་སོགས་དམུས་ལོང་གཅིག་པུར་རྒྱུ་བ་ལྟ་བུར་ཀུན་དང་མི་མཐུན་པའི་གཏམ་མང་ངོ་། ། སྨྲས་པ། ཕུལ་བྱུང་བསོད་ནམས་ཤིང་རྟས་ལེགས་དྲངས་པས༎ དབང་ཕྱུག་བརྒྱད་ཀྱི་ཡོད་ཏན་འབར་བའི་གཟིས༎ སྡེ་གསུམ་ཅིག་ཅར་གསལ་བའི་གྲགས་པའི་གཟུགས༎ རླུང་གི་རྒྱལ་མཚན་ལྟ་བུར་ཚར་དུ་དངར༎ ཐ་གུའི་ལྟོ་ཅན་འཇུག་པ་བཅུ་པའི་སྒྱུས༎ ཀུན་ལས་རྣམ་པར་རྒྱལ་ལ་མཚར་དུ་ཅི༎ གཡོ་མེད་དྲང་པོའི་ཚུལ་གྱིས་ལྷར་བཅས་འགྲོའི༎ གཙུག་ན་ཞབས་སེན་ཨུ་དུམ་ཝཱ་ར་འཛུམ༎ གཅུང་སངས་རྒྱས་རྒྱལ་མཚན་གྱིས་རིན་སྤུངས་ནས་བདག་མོ་ཞིག་ཁབ་ཏུ་བཞེས་པར་གྲགས་པ་འབྱུང་གནས་དང་། ཀུན་དགའ་ལེགས་གཉིས་འཁྲུངས།