R4: གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

  • Pagination (Witness A): ༡༦༤
[A:༡༦༤]སུ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་དཔལ་བསམ་ཡས་ཀྱི་གཙུག་ལག་ཁང་བཞེངས་པའི་སྲུང་མར། སློབ་དཔོན་ཆེན་པོས་ཀླུ་ཟུར་ཕུད་ལྔ་པ་བཀའ་བསྒོས་པས། ངེད་ཀྱིས་མི་འོངས། ཟ་ཧོར་གྱི་ཡུལ་ན་དམུའི་རིགས་ལ་ཀླུའི་ཚ་བོ་རྒྱལ་པོ་ཧུ་ཞེས་བྱ་བ་ནོར་རྒྱ་ཁབ་ཙམ་གྱི་རྗེས་ལ་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་འགྲོ་བ་ཞིག་ཡོད་པས་དེ་བསྐོ་བར་ཞུས་པས། རྣམ་སྲས་སེང་སྔོན་ཅན་རྟ་བདག་བརྒྱད་དང་བཅས་པ་བཀུག་ནས་གཟུགས་བརྙན་བྲིས་པའི་རུ་དར་ལ་བསྟིམས་ནས། ཁམས་ཀྱི་གཡེར་མ་ཐང་དུ་དམག་སྒར་བཏབ། སློབ་དཔོན་ཆེན་པོས་ཏིང་ངེ་འཛིན་གྱིས་པེ་དཀར་བཀུག་ནས་ལན་ཅིག་བོད་དུ་འོངས་ཀྱང་ཧ་ཅང་གདུག་རྩུབ་ཆེ་བར་བྱུང་ཞིང་། སླར་མཁན་སློབ་ཆོས་གསུམ་གྱིས་ཟ་ཧོར་དུ་ཕོ་ཉ་མངགས་ནས། རྒྱལ་པོ་དྷརྨ་པཱ་ལ། གཡུའི་ཐུབ་པ་རང་བྱོན། ཞལ་བརྙན་བསེ་འབག་ཆིབས་ཤེལ་གྱི་སེངྒེ་དང་བཅས་ཏེ་སྣ་དྲངས་པས་པེ་ཀར་ཡང་རིན་པོ་ཆེས་སྤྲས་པའི་ཤིང་བྱ་ལ་ཞོན་ནས་ལྷ་མི་རྣམས་བོད་དུ་བྱོན། སློབ་དཔོན་ཆེན་པོས་སྤྱི་བོར་རྡོ་རྗེ་བཞག་སྟེ་དམ་ཚིག་བསྒྲགས། དེང་སང་ཡང་རྒྱལ་པོ་ངེས་པར་བརླམས་ན་སྤྱི་གཙུག་ཏུ་རྡོ་རྗེའི་རྗེས་ཡོང་། རྣམ་སྲས་སྤྲིན་གསེབ་མའི་ལོ་རྒྱུས་དང་པེ་དཀར་ཨར་གཏད་ཀྱི་ལོ་རྒྱུས་གཉིས་འདི་དང་གུང་འགྲིག་པར་མངོན། དྷརྨ་པཱ་ལས་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་བླ་མ་མཛད། དཔལ་ཆུ་བོ་རིར་ཐེག་པ་མཆོག་གི་རྣལ་འབྱོར་ཟབ་མོའི་གྲུབ་པའི་རྟགས་ཁྱད་པར་ཅན་བརྙེས། དེས་ཕོ་ཡོང་བཟའ་བྱ་བ་མཁའ་འགྲོའི་རིགས་ཅན་ཞིག་ཁབ་ཏུ་བཞེས་པའི་སྲས་དཔལ་གྱི་རྡོ་རྗེ་དང་རིན་ཅེན་རྡོ་རྗེ་གཉིས་ལས། གཅུང་རྒྱ་གར་དུ་བྱོན། ཐོས་བསམ་སྒོམ་པ་མང་དུ་མཛད། སི་ཏའི་གྲོང་ཁྱེར་དུ་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས། དཔལ་གྱི་རྡོ་རྗེས་པ་ཚབ་ཀྱི་རིགས་ཀྱི་ཇོ་མོ་ཞིག་བླངས་པར་སྲས་རྡོ་རྗེ་གྲགས་པ། རིན་ཅེན་གྲགས་པ། ཆོས་ཀྱི་གྲགས་པ་གསུམ་ལས། གཅུང་ནི་རབ་ཏུ་བྱུང་། གཅེན་གྱིས་སྒྲུབ་པ་མཛད་པས་ཡི་