R4: གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

  • Pagination (Witness A): ༡༦༥
[A:༡༦༥]དམ་གྱི་ལྷ་མང་པོ་ཞལ་གཟིགས། ཞིང་སྐྱེས་ཀྱི་ཌཱ་ཀཱི་ཞིག་ཕྱག་རྒྱར་བསྟེན་པས་སྲས་ཟླ་བ་གྲགས་པ། དེའི་སྲས་རིག་པ་སེང་གེ། དེ་ལ་སྲས་ཤཱཀྱ་བློ་གྲོས། ཡོན་ཏན་བློ་གྲོས། གྲགས་པ་ཡེ་ཤེས་གསུམ་གྱིས་གཡོན་རུ་སའི་ལྟེ་བ་ཡར་ཀླུངས་སུ་ཕེབས། གཅེན་གྱི་གཡོན་རུ་ཁྲ་འབྲུག་དང་ཁད་ཉེ་བའི་གཡུ་སྲིད་སྨོན་མཁར་དུ་བཞུགས། འབྲིང་བ་གནམ་ལྡེ་འོད་སྲུངས་ཀྱི་བླ་མ་མཛད་ནས་མཁར་ཐོག་བཏབ། ཆུང་བས་ལྷ་སྨན་ཇོ་མོས་ས་སྐྱོང་བའི་ཕྱོགས་སུ་ལྷ་ཁང་བཏབ་ནས་བཞུགས། འགའ་ཞིག་བྱེ་ས་ལྷ་ཁང་ཡིན་ཟེར། ཡོན་ཏན་བློ་གྲོསཀྱི་སྲས་རྡོ་རྗེ་གསལ་བ་དང་རྡོ་རྗེ་རིན་ཅེན་གཉིས། འདིའི་དུས་རྒྱ་དང་ཤར་ག་བྱ་དང་རྔོག་ཁུ་དང་དཔུས་དཀར་སོགས་རུས་ཆེན་གྱི་འབངས་མང་དུ་བྱུང་། གཅེན་གྱི་སྲས་ཡེ་ཤེས་རྡོ་རྗེ། དེས་གཡུ་རུ་ནམ་མཁའ་རི་ཁུ་མོ་སྐྱིད་ཁབ་ཏུ་བཞེས་པ་ལ་སྲས་མོ་ཞིག་ལས་མ་འཁྲུངས་པར་མཁར་ཐོག་དང་བཅག་གནས་རྒྱ་ལ་བྱིན་པས་ཕོ་བྲང་རྒྱའི་མཁར་ཐོག་ཏུ་མིང་ཆགས། རིན་ཅེན་རྡོ་རྗེ་མངའ་བདག་དཔལ་འཁོར་བཙན་གྱིས་གདན་དྲངས། ཕུ་ལུང་འདི་ངན་ལམ་རྒྱ་མཚོ་དང་གཙང་པ་མི་བདུན་དུ་གྲགས་པའི་རིགས་སྔགས་པས་ཀྱང་མ་ཐུལ་ཚུལ་ཞུས་ནས། གསེར་གྱི་ཕྱགས་ཤིང་ཁྲུ་དོ་པ་ཞིག་ཕུལ། བླ་མཆོད་དུ་བཀུར་བས་ཕུ་ལུང་གི་ལྷ་འདྲེ་རྣམས་བཏུལ། དེར་དགོན་པ་སྟེགས་ཁ་མོ་བཏབ། ཇོ་མོ་མཆིལ་མོ་ཞིག་ཁབ་ཏུ་བཞེས་པར་སྲས་རྡོ་རྗེ་གྲགས་པ་དང་རྡོ་རྗེ་འབར་བ་གཉིས་འཁྲུངས། ཡབ་སྲས་གསུམ་གྱིས་ཧོར་པ་སར་བྱོན། སྒང་ཁ་སྤེལ་ཞེས་བྱ་བའི་ཕོ་བྲང་ཞིག་བཏབ། རྒྱ་གར་གྱི་སྲོལ་བཞིན་སྲས་ཆེ་བ་ཁང་པ་ཕྱི་མར་ཕོག་པས་སྲས་ཁང་ཕྱི་པར་གྲགས། རྡོ་རྗེ་འབར་ཀླུ་སྡིངས་སུ་ཕོག་པས་སྲས་ལྕང་ལྡུར་བར་གྲགས། མཆེད་གཉིས་ཀྱིས་གཡུ་སྲིད་ཀུན་དགའ་བར་ས་དཔྱད་ལེགས་པར་མཁྱེན་ནས་ཕྱག་ཕབ། ཡབ་བསྙེན་པར་རྫོགས་པའི་མཚན་རྡོ་རྗེ་རྒྱལ་པོར་གསོལ། རྡོ་རྗེ་འབར་བ་ལ་སྲས་ཧོར་ད་དར་བ་ཞེས་བྱ་བ་སྦས་པའི་རྣལ་འབྱོར་