R4: གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

  • Pagination (Witness A): ༡༧༤
[A:༡༧༤]དམག་དཔོན་མཛད་ནས་འཁྲུགས་པས་རྒྱལ་ཏེ། པ་སྡེ་མཁན་པོས་གཙོས་པའི་མི་དྲུག་ཅུ་ཙམ་ལྔ་པའི་ལམ་དུ་བཏང་། དེ་རྗེས་སྟོང་པ་འཇམ་དཔལ་གྱི་ཐོག་ཏུ་དཔུང་བཏེག་གཉའ་གནན་དུ་གཞིས་ཀ་སྨོན་མཁར་བརྩིགས། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་གྱོ་ཐོག་རྡོ་གཅལ་གསར་རྗེས་ཁྱམས་ར་དང་། བར་བསྐོར་གྱི་ཐོག་འབུབས། ལྡེབ་བྲིས། གོང་མ་སི་ཏུའི་དགོངས་རྫོགས་སུ། ཆོས་རྫོང་། བཀྲ་ཤིས་སྒང་། བྲག་ནག་དབུས་གླིང་སོགས་སྐྱིད་ཤོད་སྟོད་སྨད་ཀྱི་སྔགས་གྲྭ་རྣམས་སུ་དཀྱིལ་འཁོར་སྒྲུབ་མཆོད་བཙུགས། བྱམས་པ་ཆོས་འཁོར་གྱི་དྲུང་དུ་དགེ་འདུན་བཞི་སྡེས་བྱམས་པས་དམ་བཅས་པའི་གཟུངས་སྨོན་ལམ་དང་བཅས་པའི་རྒྱུན། དུང་མཚོར་སྔར་དུང་མཚོ་རས་པས་ངན་སློང་ལ་སྐྱོ་ཚུལ་བཙུགས་པ་བར་སྐབས་སུ་ཆད་པ་གསེར་བྲེའི་ནས་ཁལ་ལྔ་བཅུ་ལྔ་བཅུས་ལོ་ལྟར་དུ་གསོས། ཆེན་པོ་རིན་བཟང་པ་ཡབ་ཡུམ། རྒྱལ་བ་རིན་ཆེན་སྐུ་མཆེད་ཀྱི་སྒྲིབ་སྦྱོང་ལ། ཇོ་བོ་རྣམ་གཉིས་དྲུང་དུ་སྨན་བླ་འདོན་པའི་རྒྱུན། གསང་ནེའུ་ཐོག་སོགས་དགེ་འདུན་གྱི་སྡེ་རྣམས་སུ་མཐུན་རྐྱེན་སྦྱོར་བ་སོགས་རྣམ་དཀར་གྱི་ལས་གཅིག་ཏུ་དེ་ཆེ། དྲུང་ཆེན་ནམ་མཁའ་བཟང་པོ་གོང་མའི་ལུང་གིས་སྣེའུའི་རྫོང་དཔོན་དུ་བྱོན། རྒྱལ་བ་བཙོང་ཁ་པ་ཡབ་སྲས་ལ་རྩ་བའི་བླ་མར་མཛད། ཁྱད་པར་དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་སྡེ་ཆེན་པོ་འདེབས་པའི་མཐུན་རྐྱེན་ཕུལ་དུ་བྱུང་བ་དང་། རྟ་ཆེན་གྱི་ཟླ་བའི་ཆོ་འཕྲུལ་གྱི་དུས་ཁྱད་པར་ཅན་ལ་འགྲོ་བའི་བསོད་ནམས་མ་སྨད་པར་བསྐྲུན་པའི་ཐབས་དམ་པ་ལྷ་ས་སྨོན་ལམ་ཆེན་མོ་འཛུགས་པའི་མཐིལ་ལེན་མཛད། འདི་ཉིད་ཀྱིས་ལྕམ་རིན་ཅེན་སྒྲོལ་མ་ཇོ་མོར་བླངས་བར། དྲུང་ཆེན་ནམ་མཁའ་དཔལ་འབྱོར་འཁྲུངས། གོང་མ་གྲགས་པ་རྒྱལ་མཚན་གྱིས་རྫོང་དཔོན་གྱི་ལས་ཀ་གནང་། གསེར་གྱི་བཀའ་འགྱུར་བཞེང་བ་དང་། འཕྲུལ་སྣང་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པའི་ཞབས་ཏོག་