[A:༣༣]ཤ་སྦུགས་རེ་ཟ་བ་ལྤགས་པ་མཉེས་ཟིན་པ་དང་། ཆང་བན་རེ་འཐུང་བ། མ་བཟི་བ་སོགས་འགྲུབ་པར་དཀའ་བའི་རིག་པ་མང་པོ་འགྲན་བཅུག་པས། མགར་གྱིས་སྦང་མ་གཏོར་བས་བྱ་མ་བུ་ཤེས། ཤིང་ཆུར་བསྐྱུར་བས་རྩ་རྩེ་ཤེས། ལུག་རྣམས་ཀྱི་ཤ་ལྤགས་སོ་སོར་སྤུངས་ནས་ཤ་ཉུང་ངུ་རེ་ཚྭ་ལ་བགྲེས་ཏེ་ཟར་བཅུག་པས་ཟོས་ཟིན་པ། པགས་པ་རྣམས་གྲལ་འགོ་ནས་རིམ་བཞིན་ཕུར་བ་རེ་བྱས་པས་ཐུལ། ཆང་སྣོད་ཆུང་ངུ་རེར་འཐུང་བསྐོར་བྱས་པས་མ་བཟི་བར་བཏུངས་ཟིན། བློན་པོ་གཞན་རྣམས་དེ་ལས་ཕྱི་རོལ་ཏུ་གྱུར་ནའང་ལྷ་གཅིག་མ་བྱིན་པར། ནུབ་གཅིག་གི་ཚེ་རྔ་བོ་ཆེ་བརྡུངས་བྱུང་བས། རྒྱལ་པོ་གཞན་རྣམས་ཀྱི་བློན་པོ་ཕོ་བྲང་དུ་སོང་བ་དང་། མགར་གྱིས་རྔ་དེ་སྐྱོན་ཅན་དུ་གོ་ནས། རང་གི་གནས་ཀྱི་ཕྱི་སྒོའི་ཡ་ཐེམ་ལ་རྡོ་རྗེ་དང་། མ་ཐེམ་ལ་གཡུང་དྲུང་མཚལ་གྱིས་བྲིས། སྒོ་གཞན་རྣམས་ལ་ཡང་མཚན་མ་རེ་བཏབ་སྟེ་ཕོ་བྲང་དུ་ཕྱིན་པས། རྒྱ་རྗེས་དོ་ནུབ་ལམ་མ་འཛོལ་བར་རང་ཁྱིམ་དུ་སུས་སླེབ་པར་སྟེར་ཟེར་བས། གཞན་རྣམས་ལམ་ནོར། མགར་གྱིས་སྒྲོན་མེ་བཏེག་ནས་སྔར་བརྒྱབ་པའི་རྟགས་རྣམས་དང་བསྟུན་ནས་འོངས་པས་རང་ཁྱིམ་དུ་བདེ་བར་སླེབ། འོན་ཀྱང་རྒྱ་རྗེའི་ཞལ་ནས་སང་ཉིན་ཐང་ལ་ཡིད་དུ་འོང་བའི་ན་ཆུང་སུམ་བརྒྱ་ཚོགས་པས། དེ་དུས་སུས་ངོ་ཤེས་པ་ལ་སྟེར་ཟེར་བས། མགར་གྱིས་སྔར་ནས་འདྲིས་པའི་རྒྱ་མོ་ཞིག་ཡོད་པར་གསེར་གྱི་རྔན་པ་བྱིན། རྒྱའི་རྩིས་ཁོག་ཏུ་མི་ཚུད་པའི་ཐབས་བྱས་ཏེ་དྲིས་པས། ཀོང་ཇོའི་སྐུ་དབྱིབས་དང་ཆ་ལུགས་རྣམས་ངེས་པར་བྱས་ནས། ནང་པར་བློན་པོ་གཞན་རྣམས་ཀྱི་ཆས་དང་གཟུགས་ལ་བལྟས་ཏེ་བུ་མོ་འགའ་ཞིག་ཁྲིད་པའི་རྗེས་སུ། བོད་བློན་རྣམས་ཀྱིས་ལྷ་གཅིག་གི་གོས་ཀྱི་གོང་བ་ནས་མདའི་ལྟོང་གིས་བཟུང་སྟེ་ཁྲིད་པས། ལྷ་གཅིག་མི་དགའ་བའི་རྣམ་འགྱུར་བྱེད་པར། མགར་གྱིས་སྤྲོ་བ་བསྐྱེད་པའི་རམ་ཐོན་མི་དང་འབྲི་སེ་རུ་གུང་ཐུན་གཉིས་ཀྱིས་བཏེག་ནས།