R4: གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

  • Pagination (Witness A): ༤༦
[A:༤༦]གི་མཆོད་རྟེན་རྩེ་ལྔའི་དྲུང་ན་རབ་བྱུང་གི་རྟགས་ཅན་ཧྲུལ་པོ་ཞིག་ལ་ཕྱག་མཛད་ནས། ང་བོད་ཀྱི་རྒྱལ་པོ་ཞིག་གིས་བསྟན་པ་ལ་བསམས་ཏེ་ཁྱོད་ལ་ཕྱག་བཙལ་བ་ངོ་མཚར་རམ་གསུངས་པས། རབ་བྱུང་དེས་མཆོད་རྟེན་སོར་མོའི་རྩེ་ལ་བླངས་ཏེ་འདི་ངོ་མཚར་རམ་ཟེར་བར། ལན་དུ་རྒྱལ་པོས་ཨ་མི་དེ་ཝ་བསྟན་པས། བཙུན་པས་གྲི་གུག་གིས་བྲང་ཁ་ཕྱེ་ནས་སངས་རྒྱས་སུམ་ཅུ་རྩ་ལྔ་བསྟན་པ་སོགས་དཔག་པར་དཀའ་བའི་རྫུ་འཕྲུལ་མཛད་ཅིང་། རྒྱལ་པོས་ཀྱང་ཀ་བ་ཤིང་ལོ་ཅན་ན་ཆོས་གཏེར། སེང་གེ་ལག་ཟན་དང་སྦྲུལ་མགོ་ཅན་ལ་དྲག་སྔགས། བུམ་པ་ཅན་ལ་རིན་པོ་ཆེའི་གཏེར། ཀླུ་ཁང་ན་ཀླུ་གཏེར་དང་རིན་པོ་ཆེ་རཏྣ་དེ་ཝ། དཀྱིལ་འཁོར་འོག་ལ་རིན་པོ་ཆེ་སྟག་ཤ་ཆུ་དར་གྱིས་བསྒྲིལ། སྦྲུལ་ལྤགས་ཀྱིས་གཏུམས་པ། ཐེམ་པའི་ཉེ་སྐོར་ན་བཻ་ཌཱུ་རཡའི་ལྷུང་བཟེད་རྣམས་སྦས། སྐལ་ལྡན་རྣམས་ལ་ཐུགས་རྗེ་ཆེན་པོ། རྟ་མགྲིན། གཤིན་རྗེའི་གཤེད་སོགས་ཡི་དམ་གྱི་ལྷ་མང་པོའི་ཟབ་ཆོས་དང་། མ་འོངས་ལུང་བསྟན། རྗེ་འབངས་ཡོངས་ལ་ཞལ་གདམས་མཐའ་ཡས་པ་སྩལ་པ་ཕལ་ཆེར་ཡི་གེར་བཏབ་ནས། རྒྱལ་པོའི་བཀའ་བཞིན་བློན་པོ་རྣམས་ཀྱིས་གཏེར་དུ་དཀོར་མཛོད་དང་རྟ་མགྲིན་གྱི་ཞབས་འོག་ཏུ་སྦས་སོ༎ ་ དེ་ནས་ཐུན་མོང་ཞེས་པ་ལྕགས་ཕོ་ཁྱིའི་ལོ་ལ་ལས་ཅན་འགའ་ཞིག་གི་སྣང་ངོར་ཆོས་རྒྱལ་ཡབ་ཡུམ་གསུམ་གཙང་ཁང་བྱང་མར་བྱོན་ནས་གསུམ་ཀ་འོད་ཀྱི་གོང་བུར་བྱས་ཏེ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ་པར། མོང་བཟའ་ཁྲི་ལྕམ་གྱིས། རྒྱལ་པོ་ཡབ་ཡུམ་གསུམ་དེ་ལྟར་མཛད་ན། ངེད་བོད་འབངས་རྣམས་ཇི་ལྟར་བྱེད་ཅེས་སྨྲེ་སྔགས་བཏོན་པས། ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་རྒྱལ་པོ་དང་། ནུ་མ་གཉིས་ནས་ཁྲི་བཙུན་དང་ཀོང་ཇོས་དབུ་ཉུག་མཛད་དེ་ཞལ་གདམས་འགའ་ཞིག་གསུངས་སོ། ། དེ་ནས་ད་ལྟའི་རབ་བྱུང་བཅུ་གཅིག་པའི་ཆུ་ལུག་འདི་ཡན་ལ་ལོ་དགུ་བརྒྱ་དང་སུམ་ཅུ་རྩ་གཉིས་སོང་། དེ་ནས་