R4: གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

  • Pagination (Witness A): ༦༡
[A:༦༡]གཤེགས་པ་དང་བྱང་ཆུབ་སེམས་དཔའ་མིའི་སྲིད་པ་བཟུང་བའི་སྤྲུལ་པའི་ཟློས་གར་མུ་མཐའ་མེད་པར་སྟོན་པ་ལ། སྐྱེ་བོ་ཐ་མལ་པའི་སྣང་ཚུལ་དཔེར་བཟུང་མི་དགོས་སོ། ། དེ་ལྟར་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཟིལ་གནོན་ཞེས་པ་མེ་ཕོ་རྟའི་ལོ་ལ་རྫོགས་པར་གྲུབ་སྟེ། མཁན་སློབ་གཉིས་ཀྱིས་རབ་ཏུ་གནས་པར་མཛད་པས། དབུ་རྩེའི་ལྷ་རྣམས་ཕྱི་རོལ་ཏུ་བྱོན་པ། རྟ་མགྲིན་གྱིས་རྟ་སྐད་ཐེང་གསུམ་བཏོན་པ། པདྨའི་སྡོང་པོ་སྐྱེས་པ་སོགས་ངོ་མཚར་བའི་ལྟས་ཁྱད་པར་དུ་འཕགས་པ་བྱུང་བའི་གྲགས་སྙན་དབྱངས་བདུན་བརྒྱུད་དུ་འཁྲུགས་པའི་རྔ་བོ་ཆེ་སྲིད་རྩེའི་བར་དུ་བསྒྲགས་སོ། ། དེ་ལྟར་རབ་གནས་དགའ་སྟོན་གྱི་ཚེ། རྗེ་འབངས་ཐམས་ཅད་ཀྱིས་ཕུན་སུམ་ཚོགས་པའི་རྒྱན་གོས་བཟང་པོ་སྤྲས་ཏེ་ལྷ་དང་མིའི་འདོད་ཡོན་ལོངས་སྤྱོད་ཐམས་ཅད་བྱེད་པོས་གཅིག་ཏུ་བསྡུས་པ་ལྟ་བུའི་ཕྱི་ནང་གསང་བའི་མཆོད་པ་དང་། མཁོ་རྒུའི་ཡོ་བྱད་ཀྱི་དཔལ་འབྱོར་རྨུགས་འཛིན་གྱི་བང་མཛོད་ལ་དགའ་བདེར་སྤྱོད་པ་ལྟ་བུ་དང་བཅས་ཏེ། ཏམ་བུ་རའི་རྒྱུད་ལས་ཉེ་བར་དྲངས་པའི་སྙན་པའི་དབྱངས་དང་དགའ་བའི་གར་གྱིས་འཛིན་མའི་ཁྱོན་མཐའ་དག་རྣམ་པར་གང་བས་སྐབས་གསུམ་པ་ཐམས་ཅད་མེ་ཏོག་གི་ཆར་སོགས་མཆོད་སྤྲིན་མངོན་པར་སྤྲོ་བའི་ཟོལ་གྱིས་ལྟ་བར་ལྷགས་སོ། ། སྨྲས་པ། ཞི་བ་མཆོག་གི་མཁའ་དབྱིངས་ལུས་ཕྲའི་མིག། སྡོམ་གསུམ་དབང་གཞུའི་རི་མོ་རྣམ་བཀྲའི་འོད༎ ཐུན་མཚམས་དར་བབ་གཞོན་ནུ་དགུགས་བྱེད་པའི༎ ངེས་ལེགས་ས་བོན་སྲོག་འཚོའི་སྨན་གྱི་བཅུད༎