R4: གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

  • Pagination (Witness A): ༧༧
[A:༧༧]སྔགས་ནི་དེང་སང་གི་བར་དུ་ནུབ་མ་མྱོང་ལ་ཞེས་གསུངས་པ་ཡང་འདི་ལ་དགོངས་སོ༎ དུས་དེར་ཡེར་པར་ལྷ་ལུང་དཔལ་གྱི་རྡོ་རྗེ་ཏིང་ངེ་འཛིན་ལ་ཁོར་མོ་ཡུག་ཏུ་གནས་པའི་སྐབས། དཔལ་ལྷ་མོས། དེང་སང་བོད་ན་གྲུབ་ཐོབ་ཁྱོད་ལས་མེད་པས། རྒྱལ་པོ་སྡིག་ཅན་བསྒྲལ་རན་ཟེར་བའི་བརྡ་ཞིག་བྱུང་བས། ནང་པར་བྲན་ལ་རྒྱུ་མཚན་དྲིས་པར་ལོ་རྒྱུས་རྣམས་ཞིབ་ཏུ་བཤད་པས་བསྒྲལ་བྱའི་ཞིང་དུ་དགོངས་ཏེ། རྟ་དཀར་པོ་ལ་སོལ་བ་བྱུགས། གོས་ཕྱི་ནག་ནང་དཀར་གྱོན། ལྷ་སར་འོངས་པ་དང་། བཙན་པོ་རྡོ་རིང་གི་ཡི་གེ་ཀློག་པའི་སྐབས་སུ་འགྲིག་པས། ཕྱག་བྱེད་པ་ལྟར་བྱས་ཏེ་མཐེབ་ལྟོང་སྦྱར། བདེན་པ་བདར་ཏེ་བརྒྱབ་པས་བྲང་ལ་ཕོག་དེ་མ་ཐག་བྲོས་ཏེ་གྲིབ་ཀྱི་མ་གདོང་གི་ཆུ་ལ་བཤན་པས་སོལ་བ་དག་སྟེ་རྟ་དཀར་པོར་སོང་། གོས་ཕྱི་ནང་བསྒྱུར་བར་གྲགས་ཤིང་། དོན་དུ་མཆོག་གསུམ་དམ་པའི་ཐུགས་རྗེ་དང་རང་གི་གྲུབ་པའི་མཚན་མ་སོགས་ཀྱིས་སྣ་ཚོགས་པའི་མཐོང་སྣང་གྲུབ་བོ། ། རྒྱལ་པོས་ལག་པ་གཉིས་ཀྱིས་མདའ་ལ་འཇུ་ཞིང་། ཡང་ན་ལོ་གསུམ་གྱིས་གསོད་པ་སྔས། ཡང་ན་ལོ་གསུམ་གྱིས་འཕྱིས་ཞེས་སྨྲ་བའི་མུ་ལ་ལྔ་པའི་ལམ་དུ་གྱུར་ཏོ༎ ་བང་སོ་འཕྲུལ་དང་རྒྱལ་ཆེན་བར་དུ་བརྩིགས་པ་འཕྲོར་ལུས་སྐད་དོ༎ དུས་དེར་བཙད་པོའི་བཙུན་མོ་ཆུང་བ་ལ་སྲས་ཤིག་བཙའ་བར་ཉེ་སྐབས་སུ་ཡོད་པ་བཙུན་མོ་ཆེ་བས་ཤེས་ཏེ། ལུས་ལ་གོས་མང་པོ་དཀྲིས་ནས་མངལ་དུ་སྲས་ཆགས་པ་སྐད་སྨྲས། མི་རིང་བར་ཆུན་མ་ལ་ཟླ་དུས་ཐེམས་པ་དང་སྲས་འཁྲུངས་པ་ཤིན་ཏུ་གཅེས་པས་མཚན་མོ་མར་མེའི་འོད་ཀྱིས་བསྲུངས་པས་གནམ་ལྡེ་འོད་བསྲུངས་སུ་གྲགས་ཤིང་། ཆེན་མས་ཀྱང་སྤྲང་ཕྲུག་ཅིག་རིན་གྱིས་ཉོས་ཏེ། མདང་འདི་སྐྱེས་པ་ཡིན་ནོ་ཞེས་བསྟན་པས། སོ་འདུག་པ་མཐོང་སྟེ། མདང་སྐྱེས་ཀྱི་བུ་ཆུང་ལ་སོ་ནི་གདའ། འོན་ཀྱང་ཡུམ་གྱི་བཀའ་བརྟན་དུ་ཆུག་