[A:88]གྱི་སྡེ་པའི་ལག་ནས་རྫོང་གཞིས་ཀ་ཡར་བླངས་ཏེ། ཆིངས་འཇགས་བྱས།
ཕྱི་ལོ་ཆུ་གླང་ལ་ཆོས་[B:90a]རྗེ་སྤྲུལ་སྐུ་ཐེལ་གྱི་སྤྱན་སྔར་བསྐོས། ལོ་འདི་ལ་གཙང་སྟོད་དུ་རིན་ཆེན་དཔལ་བཟང་པ་གཤེགས། གོང་ནས་དཔོན་ས་སྤྱན་སྔར་བཞུགས་པའི་རྩིས་ཀྱིས་དབང་གི་འཇའ་ས་སྐྱེལ་མི་བྱུང་བ། གནང་སྦྱིན་རྣམས་ཕྱག་མཛོད་དུ་བཞག་ནས་གསེར་ཡིག་པ་རྣམས་ཕྱིར་ལོག་པའང་ལོ་འདི་ག་ཡིན། དེ་ནས་ལོ་གཉིས་སོང་བའི་ཤིང་ཡོས་ལ་སྐྱིད་ཤོད་དུ་སྣང་རྩེ་བ་ཁུ་དབོན་རྐྱེན་ལམ་དུ་བཏང་བའི་ནང་ཞིག་དེ་བྱུང་། དེ་ལ་སྙད་བཏགས་ནས་ས་རྟ་ལ་རིན་སྤུངས་པས་དབུས་གཙང་གཉིས་ཆར་གྱི་དཔུང་གཏོས་ཆེ་བ་སྐྱིད་ཤོད་དུ་དྲངས་ཏེ། ནང་སོ་སྐུ་མཆེད་སྐྱོར་མོ་ཀླུང་དུ་ཕེབས་དགོས་པའི་བྱ་བ་ཁམས་ཆེན་དེ་བྱུང་། ས་མོ་ལུག་གི་ལོ་གསར་ལ་རིན་སྤུངས་པས་གཙོས་པའི་སྡེ་དཔོན་མང་པོ་སྣེ་གདོང་རྩེར་འཚོགས་ཏེ།
བྲག་ཁ་ནས་གདུང་རྒྱུད་རིན་པོ་ཆེ་ངག་དབང་བཀྲ་ཤིས་གྲགས་པ་དགུང་ལོ་བཅུ་གཉིས་[B:91]བཞེས་པ་གཅིག་རྩེར་ཁྲི་ཐོག་ཏུ་སྤྱན་དྲངས། དེའི་ཚེ་རིན་སྤུངས་པས་ཐེལ་རྩེད་ཐང་གཉིས་སུ་བཤད་གསར་གྲལ་འབྱེད། ཆེ་མགྱོགས་སྟོན་ཆེན། རྒྱ་ཧམས་དུས་ཀྱི་ནོར་སྣ་ཡ་མཚན་ཅན། ཇ་གོས་དར་གསེར་དངུལ་སོགས་མི་མངས་ཀྱི་བློར་ཤོང་དཀའ་བའི་འབུལ་ཆེན་མཛད། དེ་ནས་ལོ་ལྔ་སོང་བའི་ཤིང་བྱི་ལ་རིན་སྤུངས་པའི་སྲིང་མོ་ཞིག་བདག་མོར་ཕུལ། དེ་ནས་ལོ་བཞི་སོང་བའི་ས་འབྲུག་ལ་གདུང་རྒྱུད་འགྲོ་བའི་མགོན་པོ་འཁྲུངས་ཤིང་། དེ་རྗེས་སྤྱན་སྔའི་དྲུང་ཡང་འཁྲུངས། དེའི་ཕྱི་ལོ་ས་མོ་སྦྲུལ་ལ་སྡེ་སྲིད་དང་བསམ་སྡེ་དཔོན་བློན་གྱི་ནང་ཞིག་སྡེ་གཟར་དེ་བྱུང་བ་ལ་གཙང་ནས་གསེར་ཡིག་པ་དྲག་པོ་མངགས་ཏེ་སྡེ་སྲིད་ཀྱི་དཔུང་ཕྱིར་སློག