R72: ཆོས་ཀྱི་འཁོར་ལོ་བསྐོར་བའི་རྣམ་གཞག་ཇི་ལྟར་གྲུབ་པའི་ཡི་གེ་གཟུ་བོར་གནས་པའི་མཛངས་པ་དགའ་བྱེད།

  • Pagination (Witness A): 468
[A:468]སྔོན་མེད་པའི་ཆོས་ཀྱི་བྱུང་ཚུལ་དང། བསྟན་པའི་བཏད་རབས་དང་འདས་ལོ་རྣམས་གཏམ་རྙིང་པ་དང་སྦྱར་ནས་རྒྱས་པར་གསུངས་པས། ས་སྐྱ་པས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་པའི་གཏམ་ཆེན་པོས་འཛམ་བུའི་གླིང་མཐའ་དག་ཁྱབ་པར་བྱུང་གཏན་རྩིས་ཀྱི་རྣམ་བཞག་ཀུན་ལ་མཐུན་མོང་དུ་གྲགས་པ་འདི་ནི་དུས་དེར་མཛད་པ་འདི་ཉིད་ལས་གཞན་མེད་ལ། དེ་ལྟར་ན་སྟོན་པ་མེ་མོ་ཡོས་ལ་ལྷུམས་སུ་ཞུགས། ས་ཕོ་འབྲུག་ལ་བལྟམས་པ་ནས་བཟུང་སྟེ། དིང་སང་ཤིང་མོ་ཡོས་ཀྱི་ལོ་ཤར་བ་འདི་ཡན་ཆད་ལ་ལོ་གསུམ་སྟོང་དང་བདུན་བརྒྱ་ཐམ་པ་ཐལ་བར་བྱེད། དེ་ལྟར་སྲོལ་བཏོད་པ་དེའི་རྗེས་སུ་འཕགས་པ་རིན་པོ་ཆེས། ཀློག་པ་པའི་བཤེས་གཉེན་ཁྲི་ཚོ་བདུན་དང། དེའི་རྗེས་སུ་ཁྲི་ཚོ་ལྔས་བསྡུས་པའི་ཆོས་ཀྱི་འཁོར་ལོ་ལན་གཉིས་མཛད་པ་ལ་རྙེད་པ་དང། བསྐུར་བསྟི་སྔ་མ་ལས་ཆེས་ལྷག་པར་བྱུང་བ་དང། ཏི་ཤྲི་ཀུན་དགའ་བློ་གྲོས་བོད་དུ་བསྙེན་རྫོགས་ལ་བྱོན་པའི་ཚེ་ཆོས་འཁོར་གྱི་རྣམ་བཞག་རྒྱ་ཆེན་པོ་དང། གཏན་ཚིགས་ཀྱི་རྣམ་བཞག་སྔ་མ་དེ་ཉིད་སོར་བཞག་ནས་མཛད། དེ་ཐམས་ཅད་ཀྱང་དབུ་རྩེ་གསར་རྙིང་ལ་སོགས་པའི་སྐུའི་རྟེན་དང། བཀའ་དང་བསྟན་བཅོས་འགྱུར་རོ་ཚལ་གྱི་གླེགས་བམ་རིན་པོ་ཆེ་ལས་གྲུབ་པ་དང། ཕྱི་རྟེན་སྐུ་འབུམ་རྣམ་གྲུབ་པ་དང། དེ་ཐམས་ཅད་ལ་གསེར་གདུགས་ཁེལ་བ་ལ་སོགས་པའི་དུས་ཀྱི་རབ་ཏུ་གནས་པའི་དགའ་སྟོན་དང་སྒོ་བསྟུན་ནས་མཛད་དོ༎ དུས་ཕྱིས་ཆོས་རྗེ་བླ་མ་དམ་པས་རང་ལོ་རེ་གཅིག་བཞེས་པའི་ཚེ་བོ་དོང་ཆོས་འཁོར་དུ་གྲགས་པ་དང། རེ་གསུམ་པ་ལ་བསམ་ཡས་ཆོས་འཁོར་དུ་གྲགས་པ་རྣམས་མཛད་ཅིང། གཏན་ཚིགས་ཀྱི་རྣམ་བཞག་སྔ་མ་དང་ཅུང་ཟད་མི་མཐུན་པར་བྱུང་ཞེས་གྲག་གོ༎ དེ་ལྟར་ས་སྐྱ་པས་ཆོས་འཁོར་མཛད་པའི་གྲུབ་འབྲས་ནི།