R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༦༥ན
[A:༦༥ན]རིག་པའི་སེང་གེ་ཡིན་པ་ཆོས་རྗེ་ལ་རྩོད་དུ་བཏང་ནས་ཆོས་རར་ཞག་ཤས་བསྡད་ནས་འགལ་དུ་བསྒུགས་པས་མ་རྙེད་ཅིང་། རྩོད་པར་ཅུང་ཟད་ཀྱང་མ་ནུས་ཀྱི་སྟེང་ནས་མི་ཕྱེད་པའི་དད་པ་ཐོབ་སྟེ་ཞབས་པད་ཡུན་རིང་དུ་བསྟེན་པས་བུ་ཆེན་དུ་གྱུར་པ་ལྟ་བུའོ། །སློབ་མའི་མཆོག་ཇི་ལྟར་བྱུང་པའི་རྣམ་གྲངས་ནི་མདོ་ཙམ་འོག་ནས་ཀྱང་འཆད་པར་འགྱུར་ལ། ཞིབ་ཏུ་ནི་རྣམ་ཐར་རྒྱས་པ་ལོགས་སུ་འབྱུང་བ་རྣམས་ལས་ཤེས་པར་བྱའོ། །ཡང་དབུས་ཀྱི་ཕྱོགས་སུ་བསམ་ཡས་ཀྱི་བཙན་པོ་ཤཱཀྱ་མགོན་གྱིས་གདན་དྲངས་ཏེ་བྱོན་པའི་དུས་སུ་ཡང་། ཆོས་འཁོར་དེ་ཉིད་ཀྱི་འཁོར་ས་བར་མ་ལ་འཕགས་པ་འཇམ་དཔལ་གྱི་ཕྱག་མཚན་རི་མོ་དང་། སྔོན་གྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ལ་བསྔགས་པའི་ཚིགས་སུ་བཅད་པ་མཛད་ཅིང་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས། སླར་ཡང་ཚིགས་སུ་བཅད་པ་མཛད་པ་དང་། དེ་ལ་ཆེད་དུ་བརྗོད་པ་ཆོས་ཀྱི་རྒྱལ་པོས་མཛད་པ་ནི། སྒྲ་དང་ཚད་མའི་མིག་གཉིས་དང་ལྡན་པས། །ཤེས་བྱའི་དཀྱིལ་འཁོར་བལྟ་བའི་བློ་གྲོས་ཅན། །མང་དུ་ཐོས་ཤིང་ལེགས་པར་སྦྱངས་པ་པོ། །སྐད་གཉིས་སྨྲ་བ་དཔལ་ལྡན་ས་སྐྱ་པས། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རྣམས། །ཀུན་མཁྱེན་རྒྱལ་པོའི་གོ་འཕང་ཐོབ་ཕྱིར་དང་། །འགྲོ་བའི་བླ་མ་དེ་དག་མཉེས་བྱའི་ཕྱིར། །དམ་ཆོས་དཀོན་མཆོག་སྒྲོན་མ་གསལ་བར་བཤད། །འགྲོ་བའི་བླ་མ་ཡོན་ཏན་རིན་ཆེན་གཏེར། །ཕྱོགས་རྣམས་ཀུན་ཏུ་སྙན་པའི་དྲིས་ཁྱབ་པའི། །བསྟན་པ་འཇིག་རྟེན་ཁམས་འདིར་གསལ་བྱའི་ཕྱིར། །སྡེ་སྣོད་འཛིན་པ་དཔལ་ལྡན་ས་སྐྱ་པས། །བསམ་ཡས་