[A:༦༥བ]ལྷུན་གྱིས་གྲུབ་པའི་གནས་ཆེན་འདིར། །ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་བཤད་པ་ལས། །བྱུང་བའི་དགེ་བའི་རྩ་བ་གང་ཡོད་དེས། །འགྲོ་བ་སྲིད་པའི་མཚོ་ལས་གྲོལ་བར་ཤོག །རི་བོང་འཛིན་པ་བསིལ་བའི་འོད་ཟེར་ཅན། །མཚན་མོ་ས་དང་ནམ་མཁའ་གསལ་བྱེད་པ། །ལོག་བློའི་རྒྱུ་སྐར་ཚོགས་རྣམས་ཟིལ་མནན་ནས། །མེ་ཏོག་ཀུནྡའི་ཚོགས་རྣམས་ཁ་འབྱེད་བྱེད། །ཚིགས་སུ་བཅད་པ་འདི་རྣམས་བླ་མ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོས་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར། མཁས་པ་རྣམས་ཀྱི་གཙུག་གི་ནོར་བུ་སློབ་དཔོན་ཆེན་པོ་ཀཱ་མ་ལ་ཤཱི་ལའི་ཆོས་ཀྱི་གདན་སེང་གེའི་ཁྲི་བཤམས་པ་ག་ལ་བ་དེར་བཞུགས་ནས། ཟབ་པ་དང་རྒྱ་ཆེ་བའི་གདམས་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། བསྟན་པ་རིན་པོ་ཆེའི་བྱི་དོར་དང་། སྐྱེ་དགུའི་ཚོགས་རབ་ཏུ་མང་པོའི་དོན་མཛད་པ་ཉིད་ཀྱིས་ཐུགས་ཅུང་ཟད་རངས་པར་གྱུར་ཅིང་། སྔོན་གྱི་དམ་པ་དེ་དག་གི་རྣམ་པར་ཐར་པ་དང་རྨད་དུ་བྱུང་བའི་འཕྲིན་ལས་དགོངས་ཤིང་མངོན་སུམ་དུ་གཟིགས་ལ། དུས་ཀྱི་འགྱུར་བས་སྐྱེ་དགུའི་ཚོགས་མ་རུངས་པར་གྱུར་པར་མཁྱེན་པའི་དབང་གིས་ཐུགས་ཅུང་ཟད་གདུང་བར་གྱུར་ཡང་། སླད་ནས་འཇིག་རྟེན་གྱི་ཆོས་ཀྱིས་སྐྱེ་དགུའི་བདེ་ལེགས་སུ་གྱུར་ཅིག་སྙམ་དུ་དགོངས་ཏེ། གཙུག་ལག་ཁང་གི་འཁོར་སའི་ངོས་ཇི་ལྟར་རིགས་པའི་གཞི་དག་ལ། ཉིད་ཀྱི་ཕྱག་གཡས་པ་རིན་པོ་ཆེ་མངོན་པར་བརྐྱངས་ནས། ཡི་གེའི་འདུ་བྱེད་མངོན་པར་འདུ་མཛད་ནས་ཕྱག་རྒྱའི་དབྱིབས་ལས་རི་མོའི་གཟུགས་བརྙན་གྱི་ཚུལ་གྱི་རྒྱུད་དེ་དག་གི་སུག་ཏུ་གསལ་བར་ཕྱོགས་གཅིག་ཏུ་བསྒྲིགས་པ་ནི་གང་གིས་མཐོང་