[A:༨བ]བསྐྱངས་ཤིང་། དེ་ལ་སྲས་གསུམ་བྱུང་བའི་བར་པ་བརྡལ་ཆང་ཚང་དུ་བྱོན། ཆེ་བ་གཙུག་ཏོར་ཤེས་རབ་དང་། ཆུང་བ་གཡའ་ལུང་དུ་བཞུགས། གཙུག་ཏོར་ཤེས་རབ་ལ་སྲས་བདུན་འཁྲུངས། དེ་བདུན་ནུ་བོ་དང་བཅས་པ་ལ་འཁོན་ཚོ་བརྒྱད་དུ་གྲགས་ཤིང་། བདུན་པོའི་ལྔ་པ་འཁོན་དགེ་སྐྱབས་ཀྱིས་ཕྱིས་ཤབ་ཏུ་བྱོན། དེ་ལ་སྲས་གཉིས་བྱུང་བའི་ཆུང་བ་ལ་ཤབ་སྟོད་ཀྱི་འཁོན་མི་རྣམས་གྱེས་པར་གྲགས། ཆེ་བ་དགེ་མཐོང་ལ་སྲས་གཅིག་བྱུང་བ་ལ་འཁོན་སྟོན་བལ་པོ་ཞེས་བྱ་བ་ཚ་མོ་རོང་གི་བྲག་ལ་ཡང་ཕུར་གྱི་སྒྲུབ་པ་མཛད་པས་གྲུབ་པ་བརྙེས་ཤིང་བསྟན་མ་བཅུ་གཉིས་བྲན་དུ་འཁོལ། དེ་ལ་སྲས་ཤཱཀྱ་བློ་གྲོས། འདིས་བྱ་རུ་ལུང་པ་དང་། ཤབ་སྟོད་སྨད་བཟུང་ཞིང་འཕྲིན་ལས་ཀྱང་ཆེ་བར་བྱུང་བར་གྲགས་ལ། སྐུ་ཚེ་སྨད་ལ་ཡབ་མེས་ཀྱི་ཡུལ་གཡའ་ལུང་མཁར་སྟབས་བཟུང་། སྲས་གཉིས་བྱུང་བའི་ཆེ་བ་འཁོན་རོག་ཤེས་རབ་ཚུལ་ཁྲིམས། ཆུང་བ་འཁོན་དཀོན་མཆོག་རྒྱལ་པོའོ། །གཅེན་གྱིས་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་མཁན་བུ་ཞུ་སྟོན་བརྩོན་འགྲུས་དྲུང་དུ་གཞོན་ནུ་ནས་གཽ་མིའི་དགེ་བསྙེན་མཛད། ཚངས་སྤྱོད་ཤིན་ཏུ་བཙུན་པས་སྲས་མེད། ཡབ་མེས་ཀྱི་ཆོས་ལ་མཁས། རྡོ་རྗེ་ཕུར་པའི་གྲུབ་པ་ཐོབ། མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པར་གྲགས་སོ། །དེ་ལྟར་ཤེས་རབ་ཚུལ་ཁྲིམས་ཡན་རྣམས་ཀྱིས་ཕར་ཕྱིན་སོགས་མཚན་ཉིད་ཀྱི་སྐོར་ཅི་རིགས་པ་དང་། སྔགས་ལ་གསར་མ་སྡེ་དྲུག སྔ་འགྱུར་ལྔ། ཕྱི་འགྱུར་བཅུ་གསུམ། ཕྱི་མོ་ཉི་ཤུ་རྩ་གཅིག་ལ་སོགས་པའི་གསང་སྔགས་སྔ་འགྱུར་ལ་ཤིན་ཏུ་མཁས་ཤིང་། ཡང་དག་དང་ཕུར་པ་ལ་ཐུགས་དམ་གྱི་མཐིལ་མཛད་པས་གྲུབ་པ་