R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༩ན
[A:༩ན]བརྙེས། ཆོས་སྐྱོང་དཀར་མོ་ཉི་ཟླ་དང་བདུད་མགོན་ལ་མཛད་པས་ནུས་པ་ཐོན་པ་ཤ་སྟག་གོ་ཞེས་པ་དེ་རྣམས་ཀྱིས་དྲི་མེད་འཁོན་གྱི་གདུང་རབས་བྱོན་ཚུལ་བསྟན་ཟིན་ཏོ། །འདིར་སྨྲས་པ། མ་རིག་ལ་འཁོན་འཁོན་སྟོན་མཐུ་རྩལ་ཅན། །རིམ་བཞིན་ལེགས་བྱོན་བྱོན་ཚུལ་འདི་མཐོང་ན། །གདུང་བརྒྱུད་བརྒྱུད་པ་རིན་ཆེན་ཕྲེང་བ་འདི། །ངོ་མཚར་མཚར་བའི་ཡུལ་དུ་ཅིས་མི་རྟོགས། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །། སྤྱི་དོན་གསུམ་པ་ལྷ་རིགས་འཁོན་ས་སྐྱ་པའི་གདུང་རབས་བཤད་པ་ལ་ཡང་ཚིགས་བཅད་ཀྱི་སྒོ་ནས་མདོར་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ས་སྐྱ་པའི་གདུང་རབས་ཡ་རབས་ཁ་རྒྱན་ལས། འཁོན་རོག་ཤེས་རབ་ཚུལ་ཁྲིམས་སྐུ་མཆེད་གཉིས་བྱོན་པའི། གཅེན་པོ་ཡན་ཆད་གསང་སྔགས་སྔ་འགྱུར་མཛད་པའི་ཚུལ་བཤད་པའི་རྗེས་དེ་མ་ཐག་པར། གཅུང་གིས་གསར་འགྱུར་སྲོལ་བསྐྱངས་ས་སྐྱ་བཏབ། །དེ་དང་ཞང་མོ་བསོད་ནམས་སྐྱིད་ཀྱི་སྲས། །ས་སྐྱའི་བླ་ཆེན་ཀུན་དགའ་སྙིང་པོར་གྲགས། །བླ་ཆེན་དེ་ཡི་བཙུན་མོ་ཚ་རོང་མ། །ཇོ་ལྕམ་ཕུར་མོའི་སྲས་ནི་ཀུན་དགའ་འབར། །བཙུན་མོ་གཉིས་པ་ཇོ་ལྕམ་འོད་སྒྲོན་སྲས། །སློབ་དཔོན་རྩེ་མོ་རྗེ་བཙུན་གྲགས་པ་དང་། །དཔལ་ཆེན་འོད་པོ་ཞེས་བྱ་རྣམ་གསུམ་ཡིན། །དཔལ་ཆེན་འོད་པོའི་བཙུན་མོ་གར་ཕུ་མ། །ཉི་ཁྲི་ལྕམ་ལ་ས་སྐྱ་པཎ་ཆེན་དང་། །ཟངས་ཚ་བསོད་ནམས་རྒྱལ་མཚན་རྣམ་གཉིས་འཁྲུངས། །ཟངས་ཚའི་བཙུན་མོ་མདོག་སྟོད་ཚ་སྣ་མ། །མ་གཅིག་ཀུན་སྐྱིད་སྲས་པོ་འཕགས་པ་དང་། །འགྲོ་མགོན་ཕྱག་ན་རྡོ་རྗེ་མཆེད་གཉིས་