[A:༩བ]བྱོན། །བཙུན་མོ་གཉིས་པ་ས་སྐྱའི་ཆུ་མདོ་མ། །ཇོ་འབྲོའི་སྲས་པོ་སློབ་དཔོན་རིན་རྒྱལ་ཏེ། །གསུམ་པ་མ་གཅིག་རྡོ་རྗེ་ལྡན་གྱི་སྲས། །སློབ་དཔོན་ཆེན་པོ་ཡེ་ཤེས་འབྱུང་གནས་སོ། །ཕྱག་ནའི་བཙུན་མོ་མ་གཅིག་ཞྭ་ལུ་མ། །མཁའ་འགྲོ་འབུམ་སྲས་དྷརྨ་པཱ་ལ་ཡིན། །དྷརྨ་པཱ་ལའི་བཙུན་མོ་སྟག་འབུམ་སྲས། །རཏྣ་བྷ་དྲ་གཞོན་ནུའི་དུས་སུ་གཤེགས། །ཡེ་འབྱུང་བཙུན་མོ་མ་གཅིག་ཁབ་སྨད་མ། །ཆོས་སྲིན་སྐྱིད་ལ་བདག་ཉིད་ཆེན་པོ་འཁྲུངས། །ཞེས་སོ། །གཉིས་པ་དེའི་དོན་རྒྱས་པར་བཤད་པ་ལ། འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཀྱི་གཅུང་པོ་དཀོན་མཆོག་རྒྱལ་པོ་ནི་འཁོན་ས་སྐྱ་པ་ཞེས་གྲགས་པའི་ཐོག་མ་རང་ཡིན་ཏེ། ཤིང་ཕོ་ཁྱི་ལ་སྐུ་འཁྲུངས། གཞོན་ནུ་ནས་ཡབ་དང་གཅེན་ལ་དབང་བཤད་མན་ངག་མང་དུ་གསན། ཡབ་མེས་ཀྱི་ཆོས་ལ་མཁས་པར་སྦྱངས། གསང་སྔགས་གསར་འགྱུར་ལ་ཡང་མོས་པ་ཡོད་པའི་སྐབས་སུ་འབྲོའི་ལུང་སྟོན་ཆེན་མོ་ཅིག་བྱུང་སར་བྱོན་པས། ལྟད་མོ་སྣ་ཚོགས་འདུག་པའི་ནང་ནས་སྔགས་པ་མང་པོས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་མགོ་བརྙན་གྱོན། ཕྱག་མཚན་སོ་སོར་ཁྱེར། མ་མོ་རལ་པ་ཅན་གྱིས་རྔ་སྟབས་དང་བཅས་ནས་འཆམས་ཀྱིན་འདུག་པས། ལྟད་མོ་ཡང་དེ་ཁ་ཆེ། ཁྲོམ་ཐོག་ཀྱང་དེས་ཆོད་སོང་། དེའི་རྒྱུ་མཚན་རྣམས་གཅེན་ལ་ཞུས་པས། ད་གསང་སྔགས་འཆོལ་པར་སྤྱོད་པ་ཞེས་བྱ་བའི་དུས་བྱུང་བས། ད་ཕྱིན་ཆད་རྙིང་མ་བ་ལ་གྲུབ་ཐོབ་མཚན་ཉིད་པ་དཀོན་པ་ཡིན་པས། རང་ལ་ཡོད་པ་རྣམས་རང་ཉིད་དབང་ཆེ་བ་ཡིན་པས་ང་རང་གི་དཔེ་ཆ་རྟེན་གསུམ་རྣམས་གཏེར་དུ་སྦེད་གསུངས་ནས་སྦས་པས། ཡང་ཕུར་གཉིས་ཆོས་