[A:༨༥ན]མོས་གུས་གྱིས་གསུངས་ཏེ། ལ་སྟོད་བྱང་གི་མདོག་སྟོད་རོས་ཀྱི་དཔལ་རིར་སྐུ་གཤེགས་སོ། །ངའི་རུས་པ་འདི་ཕ་གི་ཤོད་ཀྱི་སྟེང་དེར་སྲེགས་ཤིག ངའི་བུ་ཚ་བརྒྱུད་ཀྱིས་རྒྱལ་ཁམས་དབང་དུ་འདུ་པའི་རྟེན་འབྲེལ་ཡོད་གསུངས་ནས་དེ་བཞིན་དུ་བྱས་སོ། །ཁ་ཅིག་ན་རེ། ཟངས་ཚའི་ཡུམ་ཡུལ་རྟ་རེ་རོང་། བརྒྱུད་བཟང་བ། ཕ་མིང་ཟངས་ཀྱི་ཇོ་སྲས། དེ་ལ་སྲས་གཅུང་ཟངས་ཚ་བསོད་ནམས་རྒྱལ་མཚན་འཁྲུངས་པ་ཡིན་པས་ཆོས་རྗེ་སྐུ་མཆེད་ཡུམ་གཅིག་པར་འདོད་པ་ནི་ནོར་བ་སྟེ། ཆོས་རྗེ་ནི་ཟངས་ཚ་མ་ཡིན་པའི་ཕྱིར་ཟེར་ཀྱང་། རྗེ་བཙུན་གྱིས་ག་རིང་རྒྱལ་པོ་ལ་རྩིས་བསྡུར་དུ་བཏང་བའི་ཡི་གེ་ལས། ཡུམ་ཐ་དད་མ་གསུངས་པས། ཡུམ་གཅིག་པ་ཉིད་དོན་ལ་གནས་པ་ཡིན་ནོ། །བླ་མ་དེས་བཙུན་མོ་ལྔ་ཁབ་ཏུ་བཞེས་པའི་དང་པོ་དེ་ཡུལ་མདོག་གི་ཚ་སྣའི་འདབ། ཕ་མིང་ཟུར་ཁང་གི་བརྒྱ་ཚོ། ཞང་རྒྱལ་བ་དཔལ། མིང་མ་གཅིག་ཀུན་སྐྱིད། དེ་ལ་སྲས་གཅེན་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། ཡབ་དགུང་ལོ་ང་གཉིས་བཞེས་པ་ཤིང་མོ་ལུག་གི་ལོ་ཟླ་བ་གསུམ་པའི་ཚེས་དྲུག་ལ་གཡས་རུ་ངམ་རིང་གི་ཀླུ་ཁུང་དུ་སྐུ་འཁྲུངས། ཡུམ་གྱི་ལྷུམས་སུ་ཞུགས་པ་དང་བལྟམས་པའི་དུས་སུ་ངོ་མཚར་གྱི་ལྟས་དང་བཅས་ཤིང་། ཆུང་ངུ་ནས་འབྲི་ཀློག་ལ་སོགས་པ་རིག་པའི་གནས་ལྔ་འགའ་ཞིག་མ་བསླབས་པར་མཁྱེན། འགའ་ཞིག་དཀའ་ཚེགས་མེད་པར་མཁྱེན། སྔོན་གྱི་གནས་དྲན་པའི་མངོན་ཤེས་ཀྱང་མངའ་སྟེ། འདིའི་སྔ་མའི་སྐྱེ་བ་སྤྱན་རས་གཟིགས་དང་གསུང་གླེང་མཛད་པར་གྲགས་པའི་ས་སྟོན་རི་པ་ཡིན་ཟེར་བས་དེ་བརྟག་པའི་ཕྱིར་དུ། ས་སྟོན་རི་