[A:༨༥བ]པའི་སློབ་མ་གཉིས་ཀྱིས་བལྟར་འོང་བ་དང་། བླ་མ་འདི་བྱིས་པའི་ཁྲོད་ན་རྩེ་ཞིང་བཞུགས་པས་མཁྱེན་ནས་ཁྱེད་འོང་ངམ་གསུངས་པས། ཁོང་གཉིས་པོས་ཁྱེད་ཀྱིས་ངོ་མཁྱེན་ནམ་ཞུས་པས་ཤེས་ཏེ། ངའི་སློབ་མ་འདི་དང་འདིའོ་ཞེས་གསུངས་པས་དད་ནས་ལུས་ཐམས་ཅད་ཀྱིས་འདུད་པར་གྱུར་ཏོ། །དེ་ལྟར་འོང་བའི་རྒྱུ་མཚན་ནི། དེ་ཡང་ཡབ་ཟངས་ཚས་ཚོགས་བདག་བསྒྲུབས་པས། ཚོགས་བདག་གི་གླང་པོ་ཆེའི་སྣ་རྩེར་འཁུར་ནས་རི་རབ་ཀྱི་རྩེར་བསྐྱལ་ཏེ་ལྟོས་ཤིག་ཟེར་བས། ཟངས་ཚ་སྐྲག་ནས་རིང་ཞིག་བལྟ་བའི་ནུས་པ་མ་བྱུང་། དེ་ནས་དབུས་གཙང་ཁམས་གསུམ་སོགས་བོད་ཀྱི་གཞུང་ཏལ་ཙམ་ཅིག་གཟིགས་པས། ཁྱོད་རང་གིས་གང་མཐོང་དབང་དུ་འདུ་བ་ཡིན་པ་ལ། དབུས་གཙང་ཁམས་གསུམ་སོགས་ཁྱོད་ཀྱི་བུའམ་ཚ་བརྒྱུད་ཀྱི་དབང་དུ་འདུ་བ་ཅིག་འབྱུང་། མྱུར་དུ་མ་མཐོང་བས་ཁྱོད་རང་ལ་ནི་དབང་ཐང་མེད་ཟེར། དེ་ནས་ཀྱང་ཟངས་ཚ་ལ་སྲས་ཡུན་རིང་དུ་མ་བྱུང་བས་ཐུགས་ཟིད་ཐུང་ནས། ཚོགས་བདག་གནད་ལ་དབབ་པའི་སྦྱོར་བ་མཛད་པས། སྐབས་ཤིག་གི་ཚེ་གུང་ཐང་དུ་ས་སྟོན་རི་པའི་རྩར་ཚོགས་བདག་བྱུང་ནས། ཟངས་ཚས་ང་ལ་དབུས་གཙང་ཁམས་གསུམ་འདུ་བ་གཅིག་དགོས་ཟེར་ནས་རྒྱབ་ཚགས་མིག་ལྟར་སོང་སོང་བསྐུལ་བ་ཡིན་པས། ཁོང་རང་ལ་ནི་དབང་རིགས་མི་འདུག ཁོའི་བུར་སྐྱེ་བ་ལ་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་ཡིན་པ། འཇིག་རྟེན་གྱི་ཁམས་རྒྱ་ཆེན་པོ་དབང་དུ་འདུ་བའི་སྨོན་ལམ་བཏབ་པ་ཞིག་དགོས་རྒྱུ་ལ། ཁྱེད་ལ་དེ་ཚང་ནས་འདུག་པས། ཟངས་ཚའི་བུར་ཁྱེད་ཀྱི་སྐྱེ་བ་བཞེས་ན་དབུས་གཙང་ཁམས་གསུམ་སོགས་བོད་ཡུལ་ཕལ་ཆེར་