[A:༩༡བ]སྐུ་གཟུགས་བུམ་ལ་མཇལ་བས་གཟིམས་ཁྲིའི་ནང་ན་མཚལ་ཁྲག་གི་ས་ཅུང་ཟད་ཚོས་པ་རྒྱལ་བློན་རྣམས་ཀྱིས་མཐོང་བ་དང་། བཟོད་གླགས་མེད་པར་སྐད་ཤུགས་ཆེན་པོས་གསོལ་བ་བཏབ་ཀྱང་། རྒྱུན་རིང་པོར་རྫུ་འཕྲུལ་བསྟན་པ་མ་བཤིག་པར། དེ་ནས་བཙུན་མོ་ཆ་བུས་འཇིག་རྟེན་གྱི་མགོན་པོ་ད་མྱུར་དུ་རྫུ་འཕྲུལ་ཤིག་ཅིག མ་ཡིན་ན་རྒྱལ་པོ་སྙིང་གས་ནས་འཆི་བ་འདུག་གོ་ཞེས་གསོལ་བ་བཏབ་པས་རྫུ་འཕྲུལ་དེ་ལས་བཞེངས། དེ་ཕྱིན་རྒྱལ་པོའི་སྤྱན་སྔར་མཁས་གྲུབ་དུ་མ་ཞིག་བྱོན་ནས་མཐའ་ཡས་པའི་རྫུ་འཕྲུལ་གྱི་སྒོ་བསྟན་ཀྱང་། འགྲོ་བའི་དོན་དུ་འདི་ལྟ་བུའི་རྫུ་འཕྲུལ་ངོ་མཚར་སྙམ་པ་མ་གཏོགས། སྤངས་རྟོགས་ཀྱི་ཡོན་ཏན་ངེད་ཀྱི་བླ་མའི་གོང་དུ་འགྲོ་བ་འདུག་བསམ་པ་ཅུང་ཟད་ཙམ་ཡང་ཐུགས་ལ་མ་ཤར་བ་ཡིན་ཅེས་ཀྱང་གྲགས་སོ། །དེ་ལྟར་ན་ཆོས་རྒྱལ་འཕགས་པ་དགུང་ལོ་བཅུ་དགུ་པ་ཆུ་མོ་གླང་གི་ལོ་གསར་ལ་སེ་ཆེན་གན་གྱིས་དབང་ཞུས། ཏི་ཤྲཱིའི་མཚན་གསོལ། གཡང་ཀྲིའུ་ལས་བྱས་པའི་རི་མོ་ལ་ཡི་གེ་ས་དང་རིན་པོ་ཆེ་ཡོད་པའི་དམ་ཁ་ཕུལ། གཞན་ཡང་གསེར་དང་མུ་ཏིག་གི་སྣམ་སྦྱར། སྐུ་ཆོས། ཕྱམ་ཚེ། དབུ་ཞྭ། ཆག་ལྷྭམ། བཞུགས་གདན། གསེར་གྱི་ཁྲི། གདུགས། གསོལ་ཞལ། གསོལ་སྡེར་ལ་སོགས་པ་ཚང་མ་རྔ་མོ་དང་ཆིབས་དྲེའུ། གསེར་གྱི་སྒ་འཁོར་ཚང་མ། ཁྱད་པར་གོང་དུ་བཤད་པའི་ཁྲི་སྐོར་དང་། ཆོས་དུང་སོགས་དབང་ཡོན་གྱི་གཙོ་བོ་རྣམས་ཕུལ་བ་ཡིན་ནོ། །དེའི་ཕྱི་ལོ་སྟག་ལོ་དེ་ལ་བནྡེ་ཤེད་བསྐྱེད་བོད་ཡིག་ཏུ་བྲིས་པ་དང་། དངུལ་བྲེ་ཆེན་ལྔ་བཅུ་རྩ་དྲུག ཇ་སིགས་ཉིས་བརྒྱ། གོས་ཡུག་བརྒྱད་ཅུ་དང་། དར་ཡུག་སྟོང་དང་བརྒྱ་ཕུལ་