[A:༩༢ན]ལོ། །དེ་དུས་ཆོས་རྒྱལ་འཕགས་པས་བཀའ་གནང་ནས། བནྡེའི་ཁང་པར་གསེར་ཡིག་པས་འཚེར་མི་འབབ་པ་དང་། འུ་ལག་མི་བསྐུལ་བ་དང་། ཁྲལ་མི་འདེད་པ་རྣམས་ཇི་ལྟར་དགོངས་པ་ལ་བཞེད་པ་ལྟར་རྒྱལ་པོས་ཞལ་གྱིས་བཞེས་ཤིང་། གཞན་ཡང་རྒྱལ་པོའི་ལུང་གིས། ཉི་མ་ནུབ་ཀྱི་བནྡེ་རྣམས་ཇི་ལྟར་བྱ་བའི་མགོ་ལུང་ས་སྐྱ་པ་ཤེས་སུ་ཆུག་བྱ་བའི་ལུང་གནང་ཞིང་། ཡང་རྒྱལ་པོའི་གསུང་གིས་བོད་ཐམས་ཅད་ལ་ས་སྐྱ་པའི་ཆོས་ལུགས་ལས་གཞན་བྱེད་དབང་མེད་པའི་ལུང་འབུད་གསུངས་པ་ལ། ཆོས་རྒྱལ་འཕགས་པས་རང་རང་གི་ཆོས་ལུགས་གང་ཡོང་སྐྱོང་དུ་འཇུག་པ་ཅིས་ཀྱང་དགོས་གསུངས་ནས། ཡོན་མཆོད་གཉིས་ཀའི་འཇའ་ས་ཐམས་ཅད་ལ་རང་རང་གི་ཆོས་ལུགས་ལ་འབད་པ་ཐོན་གསུངས་པ་ཤ་སྟག་ཡོད་པས། དེ་ལྟར་ན་མཆོད་ཡོན་གཉིས་ཀ་དབང་སྤུས་བཟང་ཞིང་ཐུགས་རྗེ་ཤིན་ཏུ་ཆེ་བ་ཡིན་ལ། དེ་ལྟར་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་གཞལ་དུ་མེད་པའི་བཀའ་དྲིན་གྱིས་འཛམ་བུའི་གླིང་བྱང་ཕྱོགས་འདི་ཉིད་རྫོགས་ལྡན་གྱི་བདེ་བ་ལ་འགོད་པར་མཛད་པའི་བཀའ་དྲིན་ཤེས་པའི་ཆེད་དུ་ཧོར་གྱིས་ཕུལ་བའི་འཇའ་ས་མུ་ཏིག་མ་དང་། བནྡེ་ཤེད་བསྐྱེད་མའམ། འཇའ་ས་བོད་ཡིག་མར་གྲགས་པ་གཉིས་འདིར་བྲི་བར་བྱ་སྟེ། དེ་ཡང་འཇའ་ས་མུ་ཏིག་མ་ལས་འདི་ལྟར་འབྱུང་སྟེ། ཚེ་རིང་གནམ་གྱི་ཤེད་མོང་ལས། བསོད་ནམས་ཆེན་པོའི་དཔལ་ལ་བརྟེན་ནས། རྒྱལ་པོ་ངེད་ཀྱི་ལུང་། དགེ་འདུན་རྣམས་དང་། མི་སྡེ་མང་པོ་ལ་ཟློ་བ། འཇིག་རྟེན་འདིའི་ཕུན་སུམ་ཚོགས་པ། ཇིམ་གིར་རྒྱལ་པོའི་ཁྲིམས་ལུགས་བཞིན་སྤྱད་ན་འབྱུང་