[A:༩༢བ]ཡང་། ཕྱི་མ་ཕན་ཆོད་ཆོས་ཀྱི་ལུགས་ལ་བརྟེན་དགོས་པར་གནང་བའི་དོན་ལ་ལེགས་པར་བརྟགས་ནས། སངས་རྒྱས་ཤཱཀྱ་མུ་ནེའི་ལམ་འདི་ཡང་དག་པར་མཐོང་ཞིང་། དེ་ཡང་རང་གིས་ལེགས་པར་རྟོགས་ནས་གཞན་ལ་ཕྱིན་ཅི་མ་ལོག་པར་སྟོན་པ་སློབ་དཔོན་འཕགས་པར་འདུག་པའི་དོན་ལ་དབང་བསྐུར་བ་ཞུས་ཤིང་། གུག་ཤྲཱིའི་ལས་ཀ་ཕུལ་ནས། དགེ་འདུན་འདུས་པ་ཐམས་ཅད་ཀྱི་མགོན་གཉེར་ལ་བསྐོས་པ་ཡིན་པས། སློབ་དཔོན་གྱིས་ཀྱང་སྤྱིར་སངས་རྒྱས་བསྟན་པའི་ཞབས་ཏོག་དང་། དགེ་འདུན་གྱི་མགོན་གཉེར་དང་། ཆོས་བཤད་པ་དང་། ཉན་པ་དང་། སྒྲུབ་པའི་མགོ་ལུང་ལེགས་པར་གྱིས། དགེ་འདུན་རྣམས་ཀྱིས་ཀྱང་། སློབ་དཔོན་གྱི་ལུང་ལས་ལོག་པ་མ་བྱེད་པར། སངས་རྒྱས་ཀྱི་བསྟན་པའི་རྩ་བ་ཡིན་པས། ཆོས་ཀྱི་ལུགས་ལེགས་པར་ཤེས་པ་རྣམས་ཀྱིས་ཤོད། གཞོན་པ་བློ་བརྟན་པ་རྣམས་ཀྱིས་སློབ། ཆོས་ཀྱི་དོན་ལེགས་པར་ཤེས་པ་དང་། བཤད་ཉན་མི་ནུས་པ་རྣམས་ཀྱིས་ཚུལ་བཞིན་དུ་བསྒོམ། དེ་ལྟར་བྱས་ན་སངས་རྒྱས་ཀྱི་བསྟན་པ་ཡང་དེ་ཡིན་མོད། ངེད་ཡོན་བདག་གི་ཚོགས་རྫོགས་པ་དང་། དཀོན་མཆོག་གསུམ་གྱི་ཞབས་ཏོག་བྱས་པ་ཡང་དོན་ཡོད་པ་ཡིན། ཁྱེད་དགེ་འདུན་རྣམས་ཀྱིས་བཤད་པ་དང་། ཉན་པ་དང་། སྒྲུབ་པ་ཚུལ་བཞིན་དུ་མ་བྱས་ན་སངས་རྒྱས་ཀྱི་བསྟན་པའི་བྱ་བ་དེ་གང་ཡིན། སངས་རྒྱས་ཀྱིས་ཀྱང་། ངའི་བསྟན་པ་འདི་རི་དྭགས་ཀྱི་རྒྱལ་པོ་སེང་གེ་དང་འདྲ། རང་གི་ལུས་ཀྱི་ནང་ནས་གནོད་པ་མ་བྱུང་ན་ཕྱི་རོལ་གང་གིས་ཀྱང་གཞིག་པར་མི་ནུས་ཞེས་གསུངས་པ་ཡིན་མོད། ངེད་ལམ་ཆེན་པོ་ལ་བསྡད་ནས་ངེད་ཀྱི་ལུང་