[A:༡༠༡ན]ཡོས་ལ། རྒྱལ་པོ་ཆེན་པོས་གདན་འདྲེན་གྱི་གསེར་ཡིག་པ་ནན་ཆེ་བས་གོང་ལ་ཕེབས། དེའི་དུས་སུ་ལས་ཚན་བཅུ་གསུམ་གྱི་གྲྭ་སྒྲིག་མཛད་ནས་བྱོན་པས། བཅོམ་ལྡན་རལ་གྲིས། སངས་རྒྱས་བསྟན་པ་བཀའ་ཆག་སྤྲིན་གྱིས་སྒྲིབ། །སེམས་ཅན་བདེ་སྐྱིད་མི་དཔོན་ལག་ཏུ་ཤོར། །སྙིགས་དུས་དགེ་སྦྱོང་དཔོན་པོའི་ཆ་ལུགས་འཛིན། །འདི་གསུམ་མ་གཏོགས་འཕགས་པ་མིན་པར་གོ །ཞེས་ཟུར་ཟའི་ཚིག་ཕུལ་བ་ལ། ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་དེའི་ལན་དུ། བསྟན་ལ་འཕེལ་འགྲིབ་ཡོང་བ་རྒྱལ་བས་གསུངས། །སེམས་ཅན་བདེ་སྐྱིད་རང་རང་ལས་ལ་རག །གང་ལ་གང་འདུལ་དེ་ལ་དེ་སྟོན་བྱེད། །འདི་གསུམ་མ་གཏོགས་མཁས་པ་མིན་པར་གོ །ཞེས་གསུངས་པར་གྲགས་སོ། །དེ་ལ་ལས་ཚན་བཅུ་གསུམ་ནི། གདུང་རབས་ཡ་རབས་ཁ་རྒྱན་ལས། ཞར་ལས་བྱུང་བ་ཕྱི་ནང་ལས་ཚན་ནི། །གསོལ་གཟིམས་མཆོད་གསུམ། མཇལ་ཡིག་མཛོད་གསུམ། ཐབ་འདྲེན་གདན་གསུམ་སྐྱ་རྟ་མཛོ་ཁྱི་བཞི། །ཆེན་པོ་ལ་འོས་ལས་ཚན་བཅུ་གསུམ་སྟེ། །འདི་རྣམས་ཆོས་ཀྱི་རྒྱལ་པོ་ས་སྐྱ་པ། །དཔལ་ལྡན་འཕགས་པའི་རིང་ལ་དར་བ་ཡིན། །ཞེས་གསུངས་པ་ལྟར། གསུམ་ཚན་གསུམ་དང་ཉིས་ཚན་གཉིས་ཞེས་བྱ་སྟེ། དེ་ལ་གསུམ་ཚན་གསུམ་ནི། གསོལ་གཟིམས་མཆོད་གསུམ། མཇལ་ཡིག་མཛོད་གསུམ། ཐབ་འདྲེན་གདན་གསུམ། ཉིས་ཚན་གཉིས་ནི། སྐྱ་རྟ་གཉིས། མཛོ་ཁྱི་གཉིས་ཞེས་གྲགས་སོ། །དིང་སང་ནི་རང་རང་གི་བློས་བཏགས་པའི་བགྲང་ལུགས་མི་འདྲ་བ་རབ་ཏུ་མང་ཡང་། འདིར་བཀོད་པ་ནི་ཡི་གེ་ཁུངས་ཐུབ་རྣམས་ལས་