R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༠༡བ
[A:༡༠༡བ]བཏུས་པའོ། །དེ་ལྟར་འཕགས་པ་དགུང་ལོ་སོ་གསུམ་པ་ཡོས་ལོ་ཧོར་ཡུལ་ལ་བྱོན་པའི་བར་ལམ་དུ། བཀའ་གདམས་པ་ནམ་མཁའ་འབུམ་དགུང་ལོ་དྲུག་ཅུ་རེ་གཅིག་པ་དང་མཇལ་ནས། ཆོས་ཀྱི་རྒྱལ་པོ་ཉིད་དང་དྲི་བ་དྲིས་ལན་མང་དུ་མཛད་པས། ཆོས་རྗེ་བཀའ་གདམས་པ་ཉིད་མི་ཕྱེད་པའི་དད་པ་ཐོབ་པར་གྱུར་ཏེ། དེ་དུས་ནམ་མཁའ་འབུམ་ཉིད་ཀྱིས་མཛད་པའི་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་ངོ་མཚར་བའི་མཛད་པའི་ཆ་ཤས་རྣམས་བཀོད་པའི་རྣམ་ཐར་ཚན་པ་གཉིས་སུ་བྱས་པ་ཞིག་འབྱུང་བའི། དེའི་ཚན་པ་དང་པོ་ལས་འདི་ལྟར་འབྱུང་སྟེ། ཨོཾ་སྭསྟི་སིདྡྷཾ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཆོས་ཀྱི་རྗེ། ཆོས་ཀྱི་འབྱུང་གནས། །ཆོས་ཀྱི་བདག་པོ། ཆོས་ཀྱི་བློ་གྲོས། ཆོས་ཀྱི་རྒྱལ་མཚན། ཆོས་ཀྱི་དཔལ་མགོན། ཆོས་ཀྱི་བཟང་ཁུངས། ཆོས་ཀྱི་རྒྱལ་པོ་འཕགས་པ་ལ་སྒོ་གསུམ་དང་བས་ཕྱག་འཚལ་ལོ། །སྐྱེས་མཆོག་འདིའི་དབང་དུ་བགྱིས་ན། སྔོན་སྐྱེ་བ་དཔག་ཏུ་མེད་པའི་གོང་རོལ་ནས་ཚོགས་བསགས་ཤིང་ཆོས་ལ་སྦྱངས་པ་བྱས་པའི་རྟགས་སུ། ལོ་བདུན་ལ་སྐྱེ་བ་ལྔ་དྲུག་དྲན་པ་ཞལ་ནས་ཤར་ཏེ་བྱུང་བ། ཆོས་རྗེ་ཉིད་ཀྱིས་བཀག་པས། དེ་ནས་གསུང་དུ་མི་སྣང་བ་ལགས་སྐད། དེའི་དུས་ན་ཐམས་ཅད་ཀྱིས་འདི་ཐ་མལ་དུ་མི་འདུག །འཕགས་པར་འདུག་གོ་ཞེས་འཕགས་པར་ཐོགས་པ་ལགས་སྐད། གཏམ་དེ་ནི་བླ་མ་ཉིད་ཀྱི་སློབ་མ་གཅིག་གི་ངག་ལས་ཐོས་སོ། །དེ་ནས་ལོ་བཅུ་གསུམ་པ་ལ་རབ་ཏུ་བྱུང་། ཉི་ཤུ་པ་ལ་བསྙེན་པར་རྫོགས། བཅོ་བརྒྱད་པ་ལ་ཆོས་རྗེ་འདས་ནས་ཚོགས་བསྡུས། སུམ་ཅུ་ཐམ་པ་ལ་དབུས་གཙང་དུ་བྱོན། ལུག་ལོ་སུམ་ཅུ་སོ་གསུམ་