[A:༡༠༠བ]རབ་རིན་ཆེན་དང་། སྣར་ཐང་པའི་མཁན་པོ་མཆིམས་ནམ་མཁའ་གྲགས་དང་། གསང་བ་གཉན་འོད་སྲུང་མགོན་པོ་དང་། གྲུབ་ཐོབ་ཆེན་མོ་ཆེ་རས་པར་གྲགས་པ་སློབ་དཔོན་ཡོན་ཏན་དཔལ། སྒྱེར་བུ་བ་ཚོགས་སྒོམ་ཀུན་དགའ་དཔལ། ཞང་ཞུང་པ་རྡོ་རྗེ་འོད་ཟེར་དང་། རིན་པོ་ཆེ་སྐྱོབ་པ་དཔལ་དང་། རང་དབེན་དམར་པ་རྣལ་འབྱོར་དབང་ཕྱུག་རྒྭ་ལོ་དང་། ཆག་ལོ་ཙཱ་བའི་དཔོན་པོ་ཉི་མ་དཔལ་དང་། ཨེ་པ་ཞང་མངོན་པ་བ་རིན་ཆེན་རྡོ་རྗེ་དང་། བྲག་ཕུག་པ་དགེ་བའི་བཤེས་གཉེན་འབུམ་པ་འོད་ཟེར་དང་། མདོག་གློ་བ་འདུལ་འཛིན་ཤཱཀྱ་བྱང་ཆུབ་དང་། རོང་པ་མཁན་པོ་སེང་གེ་ཟིལ་གནོན་དང་། ཆོས་རྗེའི་སློབ་མ་མངོན་པ་བ་དབང་ཕྱུག་བརྩོན་འགྲུས་དང་། རོང་རི་ལུང་ཕུག་པའི་གསང་སྔགས་པ་ཆོས་ཀྱི་མགོན་པོ་དང་། རྫིལ་བུ་བའི་དགེ་བཤེས་སྟག་སྟོན་ཤེས་རབ་འོད་ཟེར་དང་། དབུས་སྡེ་པ་སློབ་དཔོན་སངས་རྒྱས་འབུམ་དང་། དགེ་བཤེས་འབྲས་ཁུད་པ་དང་། ལྷ་རྗེ་དར་མ་སེང་གེ་ལ་སོགས་པ་མང་དུ་བསྟེན་ནས། འགའ་ཞིག་ལ་ཐེག་པ་ཆུང་ངུ་དང་། འགའ་ཞིག་ལ་ཐེག་པ་ཆེན་པོ་ཕར་ཕྱིན། འགའ་ཞིག་ལ་གསང་སྔགས་སོགས་མདོར་ན་རིགས་པའི་གནས་ལྔ། སྡེ་སྣོད་གསུམ། རྒྱུད་སྡེ་བཞི་དང་འབྲེལ་བའི་བསྟན་བཅོས། མདོ་རྒྱུད་དབང་བྱིན་རླབས། མན་ངག་ཆ་ལག་དང་བཅས་པ་བོད་ན་ཡོད་པ་ཕལ་ཆེ་བ་གསན་པ་ཡིན་ནོ། །དེ་ལྟར་དམ་པའི་ཆོས་གསན་པའི་ཆེད་དུ་དཀའ་བ་དཔག་ཏུ་མེད་པ་མཛད་པ་ནི། སངས་རྒྱས་ཀྱི་བསྟན་པ་མི་ནུབ་པར་གྱུར་ཅིག་སྙམ་དུ་དགོངས་ནས་གཞན་དོན་འབའ་ཞིག་གི་ཕྱིར་མཛད་པ་ཡིན་ནོ། །དེ་ནས་དགུང་ལོ་སུམ་ཅུ་རྩ་གསུམ་པ་མེ་མོ་