[A:༡༡ན]སྐྱའི་གཙུག་ལག་ཁང་བཏབ། འདི་མན་ཆད་ནས་གདུང་བརྒྱུད་རྣམས་ལ་ལྷ་རིགས་འཁོན་ས་སྐྱ་པའི་གདུང་བརྒྱུད་དུ་གྲགས། དེའི་སྲས་ཇོ་བོ་ལྷ་གཅིག་གི་བནྡེ་བྱང་ཆུབ་སེམས་དཔའ་འམ། སྦྱིན་པ་དཔལ་གྱི་བར་སྲིད་སྤྱན་རས་གཟིགས་ཁ་སར་པཱ་ཎིའི་ཚུལ་དུ་ཡོད་པ་ལ། གནམ་ཁའུ་པས་དཀོན་མཆོག་རྒྱལ་པོའི་བཙུན་མོ་སྔ་མ་རྡོ་རྗེ་ཕྱུག་མོ་ལ་འཁོན་གྱི་སྲས་མ་བྱུང་བར་བརྟེན། མ་གཅིག་ཞང་མོ་ལ་རྟེན་འབྲེལ་འགྲིག་པར་མཁྱེན་ནས། འཁོན་དཀོན་མཆོག་རྒྱལ་པོ་ལ་དེ་བཞིན་གྱི་ཐབས་ལམ་འགྲིག་པའི་བཀའ་སྩལ་གནང་བ་ཐོག་ཏུ་ཁེལ་བའི་ལེགས་ལམ་ལ་བརྟེན་གོང་གི་སྤྱན་རས་གཟིགས་བར་སྲིད་ཀྱི་ཚུལ་དུ་ཡོད་པ། མ་གཅིག་ཞང་མོའི་ལྷུམས་སུ་ཞུགས་པ་ལས་རྗེ་བཙུན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་ཞེས་ཁ་བ་ཅན་གྱི་རྡོ་རྗེ་འཛིན་པ་ཀུན་གྱི་གཙུག་རྒྱན་དམ་པར་གྱུར་པ་དེ་ཉིད་བྱོན་པ་ཡིན་ཏེ། དེ་ཡང་གནམ་ཁའུ་པ་ཆེན་པོས་འཁོན་དཀོན་མཆོག་རྒྱལ་པོར་གདུང་སྲས་འབྱུང་བའི་རྟེན་འབྲེལ་སྒྲིག་བར་མཛད་པའི་ཚུལ་ནི། དེའི་དུས་སུ་ཁའུ་སྐྱེད་ལྷས་ཀྱི་དགོན་པ་ན་རྗེ་བཙུན་གྲུབ་པའི་དབང་ཕྱུག་ཆོས་ཀྱི་རྒྱལ་མཚན་དེ་ཉིད་ཀྱི་འོད་གསལ་ལ་རྩེ་གཅིག་ཏུ་ཞུགས་པའི་གཟིགས་སྣང་ལ་དཀར་གོང་ལུང་གི་ནམ་མཁའི་ཐད་འཇའ་འོད་གུར་ཁང་འཁྱིལ་བའི་དབུས་ན་བར་སྲིད་ཀྱི་ཚུལ་ལ། རྣམ་པ་སྤྱན་རས་གཟིགས་ཁ་སར་པཱ་ཎི་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་མཆོག་སྦྱིན་དང་། གཡོན་ཨུཏྤལ་མཐེབ་སྲིན་གྱིས་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་ནས་བཞུགས་པ་ཞིག་མངོན་སུམ་ལྟ་བུར་གཟིགས་ནས་དེ་ལ་བརྟག་