[A:༡༠བ]ཕྱི་རྟེན་བཞེངས། དེའི་ནང་དུ་སེང་ལྡེང་གི་ཕུར་པ་བྱིན་རླབས་ཅན་ཅིག་བཞུགས་སུ་བཅུག བྲ་བོ་ལུང་པར་དགོན་ཆུང་ཅིག་བཏབ་ནས་ལོ་འགའ་བཞུགས་པས་དེ་ལ་ས་སྐྱ་གོག་པོར་གྲགས་སོ། །དེའི་ཚེ་དཔོན་སློབ་རྣམས་ཀྱིས་སྐྱོ་སངས་ལ་བྱོན་ཏེ་རི་ཁ་ནས་གཟིགས་པས། དཔོན་པོ་རི་གླང་པོ་ཆེ་ཉལ་བ་འདྲ་བའི་མཁལ་ཁུང་གཡས་པའི་ཐད་ནས་དཀར་ཞིང་སྣུམ་པ། ཆུ་གཡས་སུ་འབབ་པ་ལ་སོགས་པ་བཀྲ་ཤིས་དང་དགེ་མཚན་དུ་མ་དང་ལྡན་པར་གཟིགས་ནས། འདིར་དགོན་པ་གཅིག་བཏབ་ན་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བ་འདུག་སྙམ་དུ་དགོངས་ཏེ། དེ་སྐོར་གྱི་ས་ཆ་སྤྱིའི་བདག་པོ་ཇོ་བོ་གདོང་ནག་པ་བྱ་བ་ཡོད་པ་དེ་ལ་ཞུས་པས་ཀྱང་གནང་། སྒོས་ཀྱི་བདག་པོ་ཞང་གཞུང་གུ་ར་བ་དང་། བནྡེ་གྲོང་བཞི། ལྷ་མི་གྲོང་བདུན་བྱ་བ་ཡོད་པ་དེ་རྣམས་ལ། ང་འདིར་དགོན་པ་ཅིག་བྱེད་འདོད་པས་ཁྱེད་རྣམས་ལ་འགལ་བ་མི་འོང་ན་ཁྱེད་རྣམས་ལ་རིན་ཅིག་ཀྱང་འཇལ་བས་ས་ཆ་འདི་ང་ལ་བྱིན་ན་ཇི་ལྟར་ལེགས་གསུངས་པས། རིན་ཡེ་མི་འཚལ་ཅིས་ཀྱང་མཛད་པར་ཞུ་ཟེར་ནས་ཕུལ་བ་ལ། བླ་མས་འོན་ཀྱང་ཕྱི་རབས་ཚུན་ཆད་ལ་འཐད་པ་ཡོང་གསུངས་ནས་རྒོད་མ་དཀར་མོ་གཅིག ནོར་བུའི་ཕྲེང་བ། མོ་གོས་གཅིག་ལ་སོགས་པ་གནང་ནས། མོན་གྲོག་མན་ནས་འབལ་གྲོག་ཡན་བླ་མ་བདག་པར་བྱས་ནས། བླ་མ་འདི་དགུང་ལོ་བཞི་བཅུ་བཞེས་པ་སངས་རྒྱས་ཀྱི་བསྟན་པ་ལྔ་བརྒྱ་པ་ཕྲག་བཅུར་གནས་པའི་ནང་ནས། ཕྲག་བདུན་པ་མངོན་པའི་དུས་ཀྱི་ལྔ་བརྒྱའི་སྟེང་ནས་ལོ་ཉིས་བརྒྱ་དང་བདུན་ལོན་པ་ཆུ་མོ་གླང་གི་ལོ་ཁྲུམས་ཀྱི་ཟླ་བའི་ཡར་ཚེས་ལ་བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་