[A:༡༠༧ན]ཤུལ་དུ། བླ་མས་ཆོས་གོས་སོ་མ་གཅིག་གསོལ་ནས་ཁྱོད་ཞིང་དག་པར་སྣང་། མདང་ཁྱོད་ལ་ཆོས་གོས་ཕུལ་བས། ད་ནང་གྲོ་གོང་འདི་འབུལ་བ་བྱུང་བ་ཡིན་གསུངས། དེ་ནས་ཁོང་གི་འཁོར་རྣམས་ལ་ནང་ཆེན་དུ་ཚ་བ་དྲོངས། ཁོང་ལ་ངའི་དྲུང་དུ་དྲོངས་གསུངས་ནས། བླ་མ་ཉིད་ཀྱི་གསོལ་ཟས་ཅི་ཡིན་པ་དེའི་སུམ་ཆ་ཙམ་ཤུགས་ནས་བདག་ལ་དྲངས། གཞན་གུར་ནང་དེར་བཅའ་བཅུ་གཅིག་ལ་ཟན་དྲོན་རེ་དང་ཤ་དུམ་རེ་དྲངས། དེ་ནས་ཕྱི་ཕྱག་པ་བྱུང་བས། ཕྱག་རྟེན་དར་ཁ་རེ་ལ་ཡང་ཟད་པ་མེད། དེའི་སྐབས་སུ་ཁོང་གདན་དྲོངས་ལ་རྟ་ཕྱག་ཏུ་ཐོངས་ཤིག་གསུངས་ནས། བདག་ལ་རྟ་བཟང་དེ་ཉེ་གནས་པ་ཀུན་འབུལ་དུ་བཅུག བདག་གི་རྟ་འཁོར་ཀུན་ལ་གཏད། ཁོང་རྣམས་སྔོན་ལ་བཏང་། སྟོན་གཞོན་གྱིས་བདག་བསྒུག་པར་བྱས་ནས། ནང་དུ་བདུད་རྩི་རིལ་བུ་ཞུར་ཕྱིན་པས་གནང་བའི་ཞོར་ལ་གསེར་གཅིག་ཀྱང་གནང་། ཁྱོད་ཀྱིས་དུས་རྟག་ཏུ་ངའི་རིམ་གྲོ་གྱིས་ཤིག་གསུངས་ནས་བྱིན་རླབས་ཡུན་རིང་དུ་མཛད་དེ་སྤྱན་བྱེ་འཛུམ་མེད་བཞིན་དུ་གཟིགས་པས། བདག་གིས་འབྲལ་མི་ཕོད་བཞིན་དུ་ཕྱིར་འོང་བས་མཆི་མ་མ་ཐུབ་བོ། །དེའི་གོང་སྐབས་སྐབས་སུ་འཇམ་སེར་དང་། ཀུན་དགའ་གྲགས་དང་། ཆོས་མགོན་ལ་སོགས་པ་ཆོས་འབྲེལ་བདོག་པ་མང་པོ་བྱུང་། དེ་ཐམས་ཅད་ལ་ཡང་གང་ལ་གང་དགོས་འདྲ་བཤད་པས་ཀུན་མགུ་བ་སྐད་ཟེར་ཡིན་དགའ་ཡིན་སོང་ངོ་། །ལར་འདི་རྣམས་ཀུན་ཟུར་ཟླུམ་ནས་དྲན་ཚོད་བྲིས་པ་ཡིན། ཞིབ་པར་བྲིས་ན་བརྫུན་དང་སྒྲོ་བཏགས་སུ་གོ་ཆ་བར་རྟོག་གོང་བཞུགས་རིང་། དེའི་སྔ་དྲོ་ལ་སོགས་པའང་ཆུ་མིག་པ་