[A:༡༠༧བ]ལ་མཛོད་རྩ་བ་གསུངས་ཟེར། ཡང་མང་བ་གཅིག་ལ་མཁས་པ་འཇུག་པའི་སྒོ་གསུངས། སེམས་བསྐྱེད་ཀྱང་སྐབས་སྐབས་སུ་མཛད། སྒོས་ཆོས་ཞུ་བ་ལ་སོགས་པ་མདོར་ན་ཉིན་མཚན་མེད་པར་ཆོས་ཀྱི་བྱ་བ་དང་། གསུང་གླེང་དང་། གཞན་ལ་ཅི་ཕན་ན་སྙམ་པ་དང་། ཇི་ལྟར་བྱས་ན་དངོས་དང་བརྒྱུད་པས་གཞན་གྱི་དོན་དུ་འགྱུར་ན་སྙམ་པ་མ་གཏོགས་པ། རང་འདོད་དམ་ཆོས་བརྒྱད་ལ་སོགས་པ་ཚེ་འདིའི་རྣམ་པར་རྟོག་པ་ཡིད་ལ་འགྱུ་མི་སྲིད་པ། སེམས་དང་ཆོས་གཉིས་དཀྲུག་སྟེ་འདྲེས་པའི་རྟེན་གྱི་གང་ཟག་ཅིག་གདའ། འདི་ལ་འབྲེལ་ཐོགས་པ་རྣམས་དོན་དང་བཅས། ཐར་ཟིན་པ་དང་འདྲ་སྙམ་པ་ཞིག་བདག་གི་བློ་ལ་ཡང་ཡང་སྐྱེ་ཡིན་གདའ། རྒྱུ་མཚན་བཤད་ན་བརྗོད་ཀྱིས་མི་ལང་ངོ་། །སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་ད་ལྟ་བཞིན་དུ་ཐུགས་མཉེས་ཏེ་བླ་མའི་ཞབས་དྲུང་དུ་སྐྱེ་བར་གྱུར་ཅིག འཁོར་འདུས་པ་དང་པོ་ཐོབ་པར་གྱུར་ཅིག རྣམ་པར་ཐར་པ་མཐའ་དག་ལ་རྫོགས་པར་སློབ་པར་གྱུར་ཅིག དེ་ལྟར་བསླབས་པའི་འབྲས་བུས་བདག་གིས་སེམས་ཅན་ཐམས་ཅད་མཐར་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ལ་འགོད་པར་གྱུར་ཅིག་ཅེས་པ་དེ་ཡན་གྱིས་ཆོས་ཀྱི་རྒྱལ་པོ་འཕགས་པ་ཉིད་ཀྱི་ངོ་མཚར་བའི་རྣམ་པར་ཐར་པ་བཀའ་གདམས་པ་ནམ་མཁའ་འབུམ་གྱིས་མཛད་པའི་ཚན་པ་གཉིས་ཀྱི་དང་པོ་བསྟན་ཟིན་ནས། ཡང་དེ་ཉིད་ཀྱིས་མཛད་པའི་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་ཚན་པ་གཉིས་པ་ལས་འབྱུང་ཚུལ་བཤད་པར་བྱ་སྟེ། དེ་ཡང་འདི་ལྟར། བླ་མ་དང་འཇམ་པའི་དབྱངས་ལ་སྒོ་གསུམ་དྭང་བའི་སྒོ་ནས་གུས་པར་ཕྱག་འཚལ་ལོ། །སྡིག་སྒྲིབ་དང་འཁོན་ཡོན་ཏན་སྐྱེ་བའི་རྟེན། །ས་གཞི་