[A:༡༠༩བ]པར་ཤེས་པ་མྱུར་བུལ་ཇི་ལྟར་ལགས་ཞུས་པས། ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས། །མཐུ་གྲུབ་པ་ཡི་དམ་པ་ཐོབ་པར་འགྱུར། །བྱ་བ་ཡིན་པས། རྣམ་གནས་ཞི་གནས་ཡིན། མཐུ་མངོན་ཤེས་ཡིན། ཞི་གནས་མེད་པའི་མངོན་ཤེས་མི་ཡོང་། ཞི་གནས་ཤས་ཆེ་བ་ལས་བྱུང་བ་དེ་བུལ། ཟུང་འཇུག་ཤས་ཆེ་བ་ལས་བྱུང་བ་དེ་མྱུར་བ་ཡིན་གསུངས། སྨོན་འཇུག་གཉིས་ལ་དབྱེ་བ་ཇི་ལྟར་བགྱིད་ཞུས་པས། ཆོས་རྗེ་པའི་བཞེད་པ་སྨོན་པའི་སེམས། སྨོན་པ་སེམས་བསྐྱེད་པ། སྨོན་པ་ཁྱད་པར་དུ་འགྲོ་བ་གསུམ། འཇུག་པའི་སེམས། འཇུག་པ་སེམས་བསྐྱེད་པ། འཇུག་པ་ཁྱད་པར་དུ་འགྲོ་བ་གསུམ་དང་དྲུག་ཏུ་བྱེད་གསུངས་ནས་བཤད་པ་ཞིབ་མོ་མཛད་དོ། །སྨོན་པའི་ཐུན་ཚོད་དེ་ཉིན་མཚན་གྱི་སུམ་ཆ་ལ་བྱེད་པ་དེ་མཐུན་པར་གདའ། འཇུག་པ་དེ་དང་མཉམ་མམ་རིང་ཞུས་པས། དེ་བས་བག་རིང་། ལར་འདི་དག་པར་འཇོག་པ་ཡིན། གསལ་བར་བྱེད་ན་ཉིན་ཞག་ཕྲུགས་གཅིག་རང་ལ་བྱེད་དེ། དཀོན་མཆོག་གསུམ་ལ་གསུམ་མི་མཆོད་ན་ཉེས་པ་བྱ་བ། ཉིན་ཞག་ཕྲུགས་གཅིག་ལ་མཆོད་པ་ཐེང་གཅིག་མ་བྱས་ན་ཉེས་པ་བསྐྱེད་དེ། འདིའི་ཐུན་ཚོད་དུ་འོང་བའི་ཤེས་བྱེད་དུ་ཡོད་གསུངས། ཡུལ་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གིས་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པ་དེས་བྱང་ཆུབ་སེམས་དཔའ་དེའི་ཚད་ཇི་ལྟ་བུ་གཅིག་ཡིན། ཞེ་སྡང་གི་ཚད་གང་ཡིན། ཚིགས་སུ་བཅད་པ་མ་ཡིན་པའི་ཚད་གང་ཡིན་ཞུས་པས། བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་ཀྱི་ཆོ་ག་བྱས་ནས། ད་ལྟ་སྡོམ་པ་ཡོད་རུང་མེད་རུང་། ཤི་རུང་གསོན་རུང་རང་གི་སྡོམ་པ་ཡོད་པར་གོ་