[A:༡༡༠ན]བ་གཅིག་ལ་ཉེས་པ་བསྐྱེད། ཞེ་སྡང་གི་ཚད་ནང་དུ་མ་རན་པའམ་ཕྲག་དོག་ལ་སོགས་པ་ཉོན་མོངས་པ་གཅིག་གི་ཀུན་སློང་གི་སྒོ་ནས་ཀུ་རེའམ་རྗེས་ཟློས་ལྟ་བུ་ལ་དངོས་གཞི་མི་བསྐྱེད། ཚིགས་སུ་བཅད་པ་མ་ཡིན་པ་ལ་ཉམས་པ་རྣམ་པ་བཞི་བསྐྱེད་པ་ཅིག་དགོས། ཤེས་ཆུང་དང་གཟུགས་ངན་ཟེར་བ་ཙམ་ལ་དངོས་གཞི་མི་བསྐྱེད་ཉེས་པ་ཙམ་འོང་གསུངས། སྐྱབས་འགྲོ་ལ་མཁའ་རུ་བ་ཐུན་ཚོད་བཞེད་ལ། པོ་ཏོ་བ་མི་བཞེད། དོན་ལ་ཐུན་ཚོད་ཨེ་མཆིས་ཞུས་པས། ཐུན་མོང་བ་ལ་མི་ཡོང་། ཁྱད་པར་ཅན་ལ་རྩི་བ་ཅིག་འོང་བ་ཡིན་གསུངས། དེ་གཉིས་མིན་པའི་སྐྱབས་འགྲོ་ལ་དབྱེ་བ་ཨེ་བདོག་ཞུས་པས། ཆོས་རྗེ་པའི་བཞེད་ཀྱིས་བཞིར་བྱེད། འཇིག་རྟེན་པ་དང་། འདས་པ་གཉིས། འཇིག་རྟེན་པ་ལ་འཕགས་པ་དང་མཆོག་གཉིས། འདས་པ་ལ་ཐུན་མོང་བ་དང་ཁྱད་པར་ཅན་གཉིས་ཡིན། དེ་ལ་འཇིག་རྟེན་པའི་སྐྱབས་འགྲོ་ཕལ་པ་དེ། འཇིག་རྟེན་པ་ཉག་གཅིག་གིས་སྐྱབས་སུ་འགྲོ འཇིག་རྟེན་པའི་མཆོག་དེ་འཇིགས་པའང་ཡོད་མོད། དེ་འདོད་པ་ཉག་གཅིག་གིས་འགྲོ འདས་པའི་ཐུན་མོང་བ་ལ་དེ་གཉིས་ཀྱང་ཡོད་མོད་དེ། དད་པ་ཉག་གཅིག་གིས་འགྲོ ཁྱད་པར་ཅན་ལ་འཇིགས་པ་དང་། འདོད་པ་དང་། དད་པ་གསུམ་ཀ་ཡོད་མོད་དེ། སྙིང་རྗེ་ཉག་གཅིག་གིས་སྐྱབས་སུ་འགྲོ་བ་ཡིན་གསུངས། ཐེག་པ་ཆེན་པོ་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་མཚུངས་པར་གདའ་བ་ལ། གཙོ་ཆེ་ཆུང་ཨེ་ཡོད་ཞུས་པས། དེ་ཡོད་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱིས་གཙོ་བྱས་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། རང་