[A:༡༡༠བ]རྒྱལ་བ་ཆོས་ཀྱིས་གཙོ་བྱས་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། ཉན་ཐོས་དགེ་འདུན་གྱིས་གཙོ་བྱས་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན་གསུངས་ནས། དེ་གསུམ་ལ་ལུང་རེའང་དྲངས་ཏེ། ཡང་དག་པར་ནི་འགྲོ་བ་ཡི། །ཞེས་སོགས་གསུངས་སོ། །སྐྱབས་འགྲོ་གསུམ་པོ་འདི་བཀའ་གདམས་པའི་ཆོས་ཀྱི་མཐིལ་ཡིན། སྔོན་བཀའ་གདམས་པ་ལ་མིང་ཡང་སྐྱབས་འགྲོ་བར་གྲགས། བདག་ཀྱང་ཨེ་འདྲ་བགྱིད། དེ་ལ་བསམ་བསྒོམ་ཇི་ལྟར་ཞུས་པས། སྤྱིར་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་སྦྱོར་བ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བླངས། དངོས་གཞི་མི་དམིགས་པ་ཟིན། རྗེས་གཞན་དོན་དུ་བསྔོ་བ་ཡིན་མོད། ཁྱད་པར་སངས་རྒྱས་ལ་སྐྱབས་སུ་མཆིའོ་བྱས་པས་དངོས་པོ་གཟུགས་ཅན་ཐམས་ཅད་རང་བཞིན་མེད་པར་བསྒོམ། ཆོས་ལ་སྐྱབས་སུ་མཆིའོ་བྱས་པས་གཟུགས་ཅན་མ་ཡིན་པ་ཐམས་ཅད་རང་བཞིན་མེད་པར་བསྒོམ། དགེ་འདུན་ལ་སྐྱབས་སུ་མཆིའོ་བྱས་པས། དེ་ཐམས་ཅད་དང་པོའམ་གདོད་མ་ནས་རང་བཞིན་མེད་པར་བསྒོམ་ཞིང་བགྱིད་པ་ལགས་ཤིག་གསུངས། ངེད་ཁ་ཏོན་ཁོ་ན་ལ་མོས་པ་ལགས། ཁ་ཏོན་དང་དགེ་སྦྱོར་བཟླས་པ་གཉིས་གང་ལྷག་ཞུས་པས། དབང་མ་ཐོབ་པ་ལ་ཁ་ཏོན་རང་ལྷག་པར་མཆི་ཡིས་གསུངས། ཁ་ཏོན་བྱེད་པ་ལ་སྡུད་པ་དང་མངོན་རྟོགས་གཉིས་བསོད་ནམས་གང་ཆེ་ཞུས་པས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །ཐུགས་རྒྱུད་ཁྱད་པར་གང་ཡིན་པ། །དེ་དག་གི་ནི་མཛད་པ་ཡིས། །ཚིག་ལའང་བསོད་ནམས་ཁྱད་དེ་འབྱུང་། །བསྟན་བཅོས་མཁན་པོའང་ཐུགས་རྒྱུད་གང་མཐོ་མཐོས་མཛད་པ་དེ་བསོད་