[A:༡༡༦ན]གཉིས་ཏེ། སེམས་རྣམ་པར་གཡེངས་པས་ཆུད་འཛའ་པའི་གཉེན་པོར་བསམ་གཏན་གསུངས། ཤེས་རབ་འཆལ་པའི་ཆུད་འཛའ་བའི་གཉེན་པོར་ཤེས་རབ་གསུངས་པས། དེ་ལྟར་སེམས་ཅན་རྣམས་ལ་སྐྱོན་དྲུག་པོ་དེ་ལས་མེད། དེའི་གཉེན་པོར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་ལས་མང་བ་མི་དགོས། ཉུང་ན་མི་ཆོག་པས་དྲུག་ཏུ་གྲངས་ངེས་པ་ཡིན་གསུངས། འོ་ན་བཅུར་གསུངས་པའང་གདའ་བ་ཞུས་པས། དེ་ཤེས་རབ་ལ་བཞིར་ཕྱེ་བ་ཡིན། ནང་སེལ་གྱི་དབྱེ་བསྡུའི་གྲངས་ངེས་ལ་མི་གནོད་གསུངས། བཀའ་གདམས་པ་ཀུན་གྱི་གསུང་སྒྲོས་ལ་སྔགས་ཕར་ཕྱིན་གཉིས་ཉེ་རིང་མེད། ནན་ལྟར་བྱས་ན་ཕར་ཕྱིན་ལམ་ཉེ་ཟེར་ནས་རྒྱུ་མཚན་རྟག་ཏུ་ངུས་ལོ་བརྒྱད་ལ་ལམ་བཞི་རྒྱུད་ལ་སྐྱེས། སྔགས་ནི་དཔོན་སློབ་རྟེན་འབྲེལ་འཛོམ་པ་ཅིག་གིས་བསྒྲུབས་ན་ལོ་སྐོར་གཅིག་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ཟེར་བ་ལས་མེད་ཟེར་བའི་གསུང་སྒྲོས་གཅིག་གདའ་བ་དེ་རྣམས་ཇི་ལྟར་མཆི་ཞུས་པས། བཀའ་གདམས་པ་འདི་རྨོངས་གཏམ་གཅིག་པུ་ཟེར། ཕ་རོལ་ཏུ་ཕྱིན་པ་སྔགས་པས་ལམ་ཉེ་རང་ཡིན། ཆོས་སྤྱིའི་སྐད་ལ་ཡང་ཕར་ཕྱིན་རིང་། དཀྱིལ་འཁོར་བདེ། སྔགས་མྱུར། ཐབས་ལ་མཁས་ན་བདེ་ཡང་སྔགས་བདེ། དཀྱིལ་འཁོར་ཡང་སྔགས་དཀྱིལ་འཁོར། མྱུར་ཡང་སྔགས་མྱུར། རྒྱུ་མཚན་ལུང་རིགས་བསྐལ་པར་བཤད་ཀྱང་མི་འཛད། སྔགས་ལས་དབང་པོ་འབྲིང་དང་ཐ་མ་ལ་གྲུབ་པ་ཐོབ་པའི་ཚད་གསུངས་པ་ཡོད། དབང་པོ་རབ་ཀྱི་གང་ཟག་ལ་ཕར་ཕྱིན་པས་སྐྱེ་བ་དཔག་ཏུ་མེད་པར་དཀའ་ཐུབ་བྱས་པ་ཐམས་ཅད་སྐད་ཅིག་ལ་བཅད་དུ་བཏུབ་སྟེ། བསྐལ་པ་སྟོང་