[A:༡༢༠ན]བྱོན་ནས་ཆོས་གསུངས་པས་འཇམ་དཔལ་ཉིད་བླ་མ་ཡིན། དེ་ནས་བསྒོམ་གྱིན་བསླབ་བཏུས་རྒྱལ་བའི་བཀའ་ལ་བརྟེན་ནས་བརྩམས། དེའི་འགྲེལ་པར་སྤྱོད་འཇུག་དབུགས་ཐོག་གཅིག་ལ་གསུངས་པ་ལ་ཚིགས་སུ་བཅད་པ་བདུན་བརྒྱ་པ་གཅིག སྟོང་ཐམ་པ་གཅིག སྟོང་བཞི་བཅུ་པ་གཅིག རྒྱས་བསྡུས་གསུམ་དུ་ཟིན་ནས་བྱུང་བ་ལ། གང་དག་ཞུས་པས་སྟོང་པ་དག་གསུངས། བསླབ་བཏུས་བྱ་བ་ཅི་ལ་ཟེར་ཞུས་པས། ངའི་གཟིམས་ཁང་ན་ཤོག་རིལ་དུ་བྲིས་ནས་ཡོད་གསུངས། དེ་རྣམས་ལ་ཡང་མིང་འདི་ཡིན་མི་གསུངས་པ་གདའ། མདོར་ན་ཆོས་འདི་གཉིས་འཇམ་དཔལ་གྱི་གསུང་དངོས་དང་འདྲ་བ་དང་། སློབ་དཔོན་ལ་བྱང་ཆུབ་ཀྱི་ཐུགས་ཁྱད་པར་དུ་འཕགས་པ་མངའ་བས་སེམས་ཅན་ལ་ཕན་ཆེ་བ་དང་དར་བ་འདི་བྱུང་བ་ཡིན་གསུངས་ནས། ཆོས་རྗེ་པའང་ཐུགས་གཙིགས་ཤིན་ཏུ་ཆེ་གསུངས། གསང་སྔགས་འདི་སྡེ་སྣོད་གསུམ་གང་གི་ཁོངས་སུ་གཏོགས་ཞུས་པས། སེམས་འདུལ་བར་བྱེད་པ་མཐར་ཐུག་པ་སྔགས་ཡིན་པས་འདུལ་བའི་ཁོངས་སུ་གཏོགས་བྱ་བ་དང་། མན་ངག་མངོན་པར་རྟོགས་པའི་རྒྱུད་ཀུན་ནས་ནང་གི་མངོན་པ་བྱ་བར་མིང་བཏགས་པ་དང་། ཡང་། མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །མདོ་སྡེ་འདི་ནི་མཉན་བྱས་ན། །ཞེས་པ་ལ་སོགས་པ་མདོ་སྡེར་མིང་བཏགས་པའང་མང་བར་གདའ། སྔགས་ཐེག་པ་མཐོ་བས་སྡེ་སྣོད་གསུམ་སུས་ཐོབ་བྱས་པའི་བཞད་དུ་གདའ། ཆོས་རྗེ་པ་མདོ་སྡེའི་ཁོངས་སུ་སྡེབས་གསུངས། སྔགས་གསར་རྙིང་གི་ཁྱད་པར་གང་ཡིན་ཞུས་པས། འགྱུར་སྔ་ཕྱི་ཡིན་གསུངས། ཡི་གེ་དྲུག་པ་འདི་བོད་སྐད་