[A:༡༢༤བ]ཚལ་ལ་ཟླ་བའི་འོད་ཟེར་ཤར་བ་ལྟར་ཆེས་ཆེར་གསལ་བར་མཛད་དོ། །དེ་ནས་ལོ་དེའི་ཕྱི་ལོ་དཔོན་ཆེན་ཤཱཀྱ་བཟང་པོས་ལྷ་ཁང་ཆེན་མོའི་འགྲམ་བཏིང་། དེའི་ལས་ལ་ཁྲི་སྐོར་བཅུ་གསུམ་བསྐུལ་ཏེ་དཔོན་ཆེན་ཀུན་དགའ་བཟང་པོ་དང་སྦྲེལ་ནས་ཡོངས་སུ་རྫོགས་པར་གྲུབ་ཅིང་། གཞན་ཡང་རིན་ཆེན་སྒང་བླ་བྲང་། ལྷ་ཁང་བླ་བྲང་། དུས་མཆོད་བླ་བྲང་རྣམས་ཀྱང་བཞེངས། དེ་ནས་བླ་ཆེན་འདི་ཉིད་གོང་དུ་ཕེབས་ནས་དགུང་ལོ་སོ་དྲུག་པ་ལྕགས་ཕོ་རྟ་ལ་རྒྱལ་པོས་སླར་ཡང་དབང་བསྐུར་ཞུས་པའི་ཚེ། མི་ཉག་རྒྱ་རྒོད་རྒྱལ་པོའི་ཤེལ་དམ་ལ་བཅོས་བྱས་ནས་ཤེལ་དམ་གླིང་དྲུག་མ་དང་། འཇའ་ས་ཁྱད་པར་ཅན་ཕུལ་ཏེ། གནམ་གྱི་འོག སའི་སྟེང་ན་རྒྱ་གར་ལྷའི་སྲས་པོ། སྤྲུལ་པའི་སངས་རྒྱས། ཡི་གེ་རྩོམ་མི། རྒྱལ་ཁམས་འཇིགས་སུ་འཇུག་པ་པོ། གནས་ལྔ་རིག་པའི་པཎྜི་ཏ་འཕགས་པ་ཏི་ཤྲཱི་ཞེས་པའི་མཚན་གསོལ། ཟང་ཟིང་གི་འབུལ་བ་ཡང་དངུལ་བྲེ་ཆེན་སྟོང་ར་ཅན། གོས་དར་ལྔ་ཁྲི་དགུ་སྟོང་ལ་སོགས་པ་དང་། མཇལ་རེས་ཀྱིས་མཐོང་ཕྱག་དང་མཇལ་དར་དངུལ་བྲེ་ཆག་མེད་སོགས་མཛད་པས། རྒྱལ་པོའི་འཕྲལ་གྱི་འབུལ་བ་ཀུན་དྲིལ་བས་གསེར་བྲེ་བརྒྱ་ལྷག་པ་དང་། དངུལ་བྲེ་སྟོང་ར་ཅན། གོས་དར་བཞི་ཁྲི་ལ་སོགས་པ་བྱུང་བར་གྲགས་ཤིང་། དེ་ལྟར་ཧོར་གྱི་རྒྱལ་ཁམས་ཀྱི་འགྲོ་བ་མ་ལུས་པ་ཐེག་པ་ཆེན་པོ་ལ་བཀོད་དེ། བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་ཉིན་བྱེད་ཀྱི་སྣང་བ་ལྟར་ཆེས་ཆེར་གསལ་བར་མཛད་ནས། དེ་ནས་སླར་བོད་ཡུལ་ལ་མྱུར་དུ་ཕེབས་པར་ཞལ་གྱིས་བཞེས་ཏེ་དགོངས་པ་གཏད་ནས། རྒྱལ་པོ་འཁོར་དང་བཅས་པ་ལ་མྱུར་དུ་ཕྱིར་ཕེབས་