[A:༡༢༥ན]པའི་བཀའ་གནང་བ་ཡིན་ནའང་བླ་མ་འདི་གདན་འདེགས་པར་བརྩམས་པ་ནས་བཟུང་། གོང་མ་མི་དབང་ཆེན་པོའི་རྒྱུད་ལ་འཕགས་པའི་སྐུ་ཚེའི་ཚད་གཞན་སྣང་དུ་ཧ་ཅང་མི་རིང་བའི་ཚུལ་བསྟན་པ་ལ་བརྟེན་ནས་ཕྱིས་མཆོད་ཡོན་མི་མཇལ་བའི་རྟེན་འབྲེལ་གྱི་དབང་གིས་ཐུགས་འབྲལ་མི་ཕོད་པ་ལྟ་བུའི་ཉམས་འཁྲུངས་ནས་སྐྱེལ་ཐུང་ཞག་ནས་ཟླ་བར་སྤར། ཟླ་བ་ནས་ལོར་སྤར་ཏེ་བོད་ཀྱི་ཡུལ་སྦོམ་ར་ལྷའི་བྱ་འདབ། རྨ་གུ་རའི་ལྷ་གཞོལ། རྨ་ཆུ་ཁུག་པའི་སའི་ཆར། ཉི་ཟླ་གཉིས་དང་ཚུལ་མཚུངས་པའི་ཡོན་མཆོད་གདན་འཛོམ་པ་ལ། མཐའི་རྒྱལ་པོ་ཡན་ལག་བཞིའི་དཔུང་ཚོགས་ལ་དབང་ཐོབ་པ་བཅུ་གཅིག་འཁོར་འབུམ་ཕྲག་མང་པོས་བསྐོར་བ་དང་བཅས་པས་ཟང་ཟིང་གི་མཆོད་སྤྲིན་དབྱར་དུས་ཀྱི་འཛིན་མ་རྒྱན་གྱིས་བཀླུབས་པ་བཞིན་ཡོན་མཆོད་གྱི་ཞབས་ལ་གཏུགས་ཏེ་བསྙེན་བཀུར་གྱ་ནོམ་པ་ཕུལ། དེའི་ཚེ་ནམ་མཁའ་དང་ས་གཞི་ཐམས་ཅད་ངོ་མཚར་བའི་སྣང་བས་ཁྱབ་ཅིང་། ཤར་ནུབ་ཀྱི་ཕྱོགས་གཉིས་ནས་སྤྲིན་དཀར་པོ་གླང་པོ་ཆེའི་སྣ་ལྟར་བརྐྱངས་པའི་སྣ་ལ་རྗེ་བཙུན་རྣལ་འབྱོར་དབང་ཕྱུག་བིརྺ་པ་དང་། རྗེ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་ལ་རྒྱ་བོད་ཀྱི་བླ་མ་བརྒྱུད་པ་དང་། རྒྱལ་བ་སྲས་དང་བཅས་པས་བསྐོར་བ་ཞབས་དྲུང་དེ་ན་གནས་པའི་སྐལ་ལྡན་ཀུན་གྱིས་མངོན་སུམ་དུ་མཐོང་ཞིང་། འཛམ་གླིང་བྱེ་བ་ཕྲག་བརྒྱར་འགྲོ་བའི་དོན་དུ་འདི་ལྟ་བུའི་ཆོ་འཕྲུལ་གྱི་རྣམ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་ཏེ། མདོར་ན་འགྲོ་བའི་མགོན་པོ་ཆོས་ཀྱི་རྒྱལ་པོ་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་འདིའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལ་བརྟེན་