[A:༡༢༩ན]ཁྲིམས་ཀྱི་བསླབ་པའི་སྒོ་ནས་ཀྱང་འགྲོ་བ་མང་པོའི་དོན་མཛད་དེ། སྔ་ཕྱིར་རང་ཉིད་ཀྱི་དགེ་སློང་ཕ་མ་དང་། དགེ་ཚུལ་ཕ་མ་སྟོང་བཞི་བརྒྱ་ཉི་ཤུ་རྩ་ལྔའི་མཁན་པོ་མཛད་ཅིང་། གཞན་ཡང་ཉིད་ཀྱི་སློབ་མ་འདུལ་འཛིན་ཆོས་ཀྱི་མགོན་པོ་ཞེས་བྱ་བས་ཀྱང་ལོ་གཅིག་གི་ཁོངས་སུ་བརྒྱའི་དགེ་སློང་དང་། དགེ་ཚུལ་དགུ་བརྒྱ་དང་བཞི་བཅུ་རྩ་བདུན་གྱི་མཁན་པོ་བྱས་ཏེ། དེ་རྣམས་ལས་བརྒྱུད་པའི་རབ་ཏུ་བྱུང་བ་མང་པོ་འཕེལ་ཏེ་ཕྱོགས་ཐམས་ཅད་ཁྱབ་པར་གྱུར་ཏོ། །གཞན་ཡང་ཏིང་ངེ་འཛིན་གྱི་བསླབ་པའི་ཡོན་ཏན་ཡང་ཕྱི་རོལ་དུ་མཁས་པའི་བྱ་བ་རྒྱུན་མི་ཆད་པ་མཛད་ཀྱང་། ནང་དུ་ཏིང་ངེ་འཛིན་ལ་གཡེལ་བ་ཅུང་ཟད་ཀྱང་མི་མངའ་བས་ཡི་དམ་གྱི་ལྷས་ཞལ་གཟིགས་པ་དང་། འོད་གསལ་རྒྱུན་མི་ཆད་པ་ལ་སོགས་པ་དང་། མངོན་པར་ཤེས་པ་ཐོགས་པ་མེད་པར་མངའ་བ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་མངའ་བ་སྟེ། དེ་ཡང་སྐྱིད་གྲོང་དུ་ཇོ་བོའི་དྲུང་དུ་བྱོན་པའི་ཚེ། མནལ་ལམ་དུ་རྗེ་བཙུན་སྤྱན་རས་གཟིགས་ཀྱི་ཞལ་གཟིགས་པ་ལ་མནལ་ལམ་དུ་བསྟོད་པ་ཡང་མཛད་ཅིང་། ཡང་ཆོས་རྗེ་པ་ཧོར་ཡུལ་ལ་ཕེབས་པའི་ལམ་དུ་ཆོས་རྗེའི་དངོས་སློབ་རྗེ་ཡང་དགོན་པ་དང་མཇལ་ཏེ། དེ་ན་རེ། བླ་མ་ནི་ཧོར་ཡུལ་དུ་གཤེགས་པར་གདའ། བདག་ཅག་སློབ་མ་རྣམས་ལ་ཕྱག་དང་བསྙེན་བཀུར་བྱེད་པ་དང་། མོས་གུས་ཀྱི་གནས་སུ་གྱུར་པའི་སྐུ་ཚབ་གཅིག་འཚལ་དགོས་པར་གདའ་བ་ལ། དབོན་པོ་འདི་དག་ཡང་དག་པ་ལགས་སམ་ཞུས་པས། ཆོས་རྗེ་པས་དབོན་པོ་འདི་དག་རྣལ་མ་ལགས་གསུངས་ནས། བླ་མ་འདི་ཕ་ཆད་ཞིག་ན་རྦོད་གཅིག་འདུག་པ་ལ་བསྙེལ་ནས་