[A:༡༢༩བ]སྤྱན་མ་བཙུམས་པར་མནལ་དུ་སོང་འདུག་པ་བསྟན་ཏེ། འདི་འོད་གསལ་ཟིན་པའི་རྟགས་ལགས། སྤྱིར་ངེད་ཀྱི་མི་བརྒྱུད་རྣལ་མ་ལ་འོད་གསལ་ཅུང་ཟད་རེ་རྒྱུན་མི་ཆད་ཡོད་པ་ཡིན་ཞེས་གསུངས་པ་དང་། ཡང་རྒྱ་གར་གྱི་པཎྜི་ཏ་གོ་ཏཾ་བྷི་དྲ་ལ་མཚན་མོ་རྨི་ལམ་ཇི་ལྟར་བྱུང་བ་ཐམས་ཅད་བདག་ཉིད་ཆེན་པོ་འདིའི་མངོན་པར་ཤེས་པས་མཁྱེན་ནས། ནང་པར་པཎྜི་ཏ་ལ་ཇི་ལྟ་བ་བཞིན་གསུངས་པས། པཎྜི་ཏ་ཤིན་ཏུ་ངོ་མཚར་བར་གྱུར་ནས། མཧཱ་གུ་རུ་ལ་མངོན་པར་ཤེས་པ་ཨ་ཚེ་ཞེས་ཟེར་ཞིང་ཤིན་ཏུ་དད་པར་གྱུར་ཅེས་ཀྱང་གྲགས་སོ། །གཞན་ཡང་བླ་མ་འདི་གོང་ནས་ཕེབས། འུ་ཡུག་ན་བཞུགས་དུས་སུ་ཕྱོགས་སུ་ཁྲལ་སྡུད་བྱུང་བ་ལ། ཤངས་ལྷ་བུ་བའི་ཇོ་གདན་ཅིག་གིས་ཞུ་བ་ལ་ཕྱིན་པས། སྒར་གྱི་མཐར་སེམས་ཅན་ལ་འཚེ་བ་བྱེད་པ་ཧོར་སོག་མང་པོས་མཐའ་བསྐོར། བླ་མ་འདི་འཇའ་ལི་གཅིག་ལ་བཞུགས། གཡས་ན་རྩོམ་པ་མཛད་པའི་ཡིག་མཁན། གཡོན་ན་བཀའ་ཤོག་འདྲི་མཁན། མདུན་ན་རྒྱུན་གཏོར་བཤམས་ནས་གཏོར་སྐད་བཏོན། ཆབ་གཏོང་བ་མཐོང་བས། ཇོ་གདན་གྱི་བསམ་པ་ལ། བླ་མ་ཅིའི་བླ་མ། སེམས་ཅན་ལ་འཚེ་བ་མཐའ་ཧོར་སོག་གིས་བསྐོར། གཡོན་གྱི་བཀའ་ཤོག་འདི་ང་ཞུ་བ་ལ་ཡོང་བ་དང་འདྲ་གཞན་སྣེར་བ་ཡིན། གཡས་ཀྱི་རྩོམ་པས་ཅི་བྱེད་ཆོས་སེམས་ཐོག་ཏུ་མི་འཇོག ཚིག་གཅིག་མི་བསྔོ་བའི་གཏོར་སྐད་ཀྱིས་ཅི་བྱེད་བླ་མར་མི་འདུག་སྙམ་པ་ཅིག་བྱུང་བ་དང་། བདག་ཉིད་ཆེན་པོས་ཇོ་གདན་ལ་སྤྱན་ཆེར་གཟིགས་ནས། གཏོར་མ་འདི་བཤམས་པས་ཐོབ་པ་དེ་ཁོས་བཤམས་པ་ཡིན། དམིགས་པས་ཐོབ་པ་དེ་ངས་བྱེད། བསྔོས་པས་ཐོབ་པ་དེ་ཁྱོད་ཀྱིས་བྱིན་