[A:༡༣༠ན]གསུངས་པ་དང་། ཇོ་གདན་ཤིན་ཏུ་སྐྲག་ནས། མངོན་ཤེས་ཐོགས་མེད་དུ་མངའ་བར་འདུག་པ་ལ་ངས་ལོག་ལྟ་བྱས་པ་མ་ལེགས་སྙམ་ནས། ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་བྱས་བཤགས་པ་ཕུལ་མཆོག་ཏུ་ངོ་མཚར་བར་གྱུར་ཏེ། བསྟོད་ཚིག་གི་སྒྲ་དབྱངས་ཕྱོགས་ཀུན་དུ་སྒྲོག་པར་གྱུར། བླ་མའི་མཛད་སྤྱོད་གང་ལ་གང་འདུལ་དུ་རྟོགས། སེམས་ཅན་གསོད་གཅོད། ཁྲལ་འུ་ལག་སོགས་རང་གི་ལས་སུ་གོ་ནས་ངེས་པའི་ཤེས་པ་ཁྱད་པར་ཅན་སྐྱེས་པར་གྱུར་ཏོ། །དེ་དག་ལ་སོགས་པ་རྒྱུ་མཚན་དུ་མའི་སྒོ་ནས་མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བར་སྤྱོད་པ་དང་ལྡན་པའི་སྐྱེ་བོ་ཐམས་ཅད་ལ་ཡོངས་སུ་གྲགས་པ་ཡིན་ཞིང་། དེ་ལྟར་སྐྱེས་བུ་དམ་པ་འདི་ནི་མངོན་པར་ཤེས་པ་ཐོགས་མེད་དུ་མངའ་བ་ལ་སོགས་པ་ཡོན་ཏན་དུ་མ་དང་ལྡན་པས་བསྟན་བཅོས་རྩོམ་པ་ལ་སོགས་པ་བསྟན་པའི་བྱ་བ་གང་ལའང་ཆགས་ཐོགས་མེད་པས། སྔོན་གྱི་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ལ་སོགས་པའི་རྣམ་ཐར་དང་ཚུལ་མཚུངས་པ་ཡིན་ལ། ལེགས་བཤད་གསར་དུ་མཛད་པ་ཡང་དངོས་དང་བརྒྱུད་པའི་དོན་དུ་ཚིག་བརྗོད་བདེ་ཞིང་རྟོགས་པར་སླ་བའི་བསྟན་བཅོས་དང་། སྤྲིངས་ཡིག་དང་། གདམས་པའི་སྐོར་བསམ་གྱིས་མི་ཁྱབ་པ་ཞིག་མཛད་དེ། འདི་ལྟར་བསྟོད་པ་དང་གསོལ་འདེབས་ཀྱི་སྐོར་ལ། ལམ་འབྲས་བླ་མ་བརྒྱུད་པའི་གསོལ་འདེབས། རྒྱུད་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས། འཇིགས་བྱེད་བརྒྱུད་པའི་གསོལ་འདེབས། བ་རི་བརྒྱུད་པའི་གསོལ་འདེབས། བླ་མའི་མཚན་འབུམ། སྐུའི་སྤྱོད་པ་ལ་སྤེལ་བ་ཆེ་ཆུང་གཉིས། བླ་མའི་སྤྱི་བསྟོད་མེ་ཏོག་གི་