[A:༡༣༣བ]སློབ་མའི་ཚོགས་ས་ཆེན་པོ་རྡུལ་ལྟར་བགྲང་བ་ལས་འདས་པ་ཡིན་ཀྱང་། གཙོ་བོར་གྱུར་པ་ནི། བཤད་པའི་སྲོལ་འཛིན་ཤར་ནུབ་གུང་གསུམ་ལ་སོགས་པའི་ཆེན་པོ་རྣམས་དང་། དེ་ཉིད་ཀྱི་སྲས་བླ་མ་གྲགས་པ་འོད་ཟེར་དང་། བླ་མ་བཀྲ་ཤིས་དཔལ་དང་། མ་ལོ་ལ་སོགས་པ་རབ་ཏུ་གྱུར་པ་མང་པོ་ཞིག་དང་། བསྒྲུབ་པའི་སྲོལ་འཛིན་ནི། སྤྱིར་བླ་མ་འདི་ལས་གདམས་ངག་ཐོབ་ནས་ཉམས་ལེན་སྙིང་པོ་དྲིལ་ནས་བསྒྲུབ་པའི་རྒྱལ་མཚན་འཛིན་པ་མང་དུ་ཡོད་ཀྱང་། མན་ངག་ཡོངས་སུ་རྫོགས་ཤིང་བུམ་པ་གང་བྱོ་བཞུགས་པ་ནི་བླ་མ་ཆེན་པོ་ཞང་དཀོན་མཆོག་དཔལ་དང་། དགེ་སློང་ཀུན་བློ་གཉིས་བྱུང་ཞེས་གྲགས་པ་ཡིན་ལ། གཞན་ཡང་ལ་རུ་བ། ཉན་ཆེན་པ། སྲུ་ལུང་པ། གསལ་ལ་བ་འོད་ཟེར་འབུམ། དབུས་པ་སངས་འབུམ་ལ་སོགས་བརྒྱུད་པ་འཛིན་ངེས་པའི་བསྟན་འཛིན་མང་དུ་བསྐྲུན་ནས། བདེ་བར་གཤེགས་པའི་བསྟན་པ་སྤྱི་དང་བྱེ་བྲག་ཐམས་ཅད་དེ་བཞིན་གཤེགས་པ་བཞུགས་པའི་དུས་ལ་འགྲན་པ་བཞིན་ཆེས་ཆེར་གསལ་བར་མཛད་པ་ཡིན་ནོ། །དེ་ལྟར་ངོ་མཚར་བའི་མཛད་པ་བསམ་གྱིས་མི་ཁྱབ་པའི་སྒོ་ནས་བསྟན་འགྲོའི་དོན་རྒྱ་ཆེན་པོ་ཞིག་མཛད་དེ། དེ་ནས་བདག་ཉིད་ཆེན་པོ་དེ་སྐུ་ཚེ་དེ་ཉིད་ཀྱི་གདུལ་བྱ་ཐམས་ཅད་སྨིན་ཅིང་གྲོལ་བར་རང་གི་མངོན་པར་ཤེས་པས་མཁྱེན་ཅིང་། སྐུའི་བཀོད་པ་གཞན་གྱི་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པའི་དུས་ལ་བབས་པར་གཟིགས་ནས། སློབ་དཔོན་ཆེན་པོ་དྷརྨཱ་ཕ་ལ་རཀྵི་ཏ་ལ་བླ་མ་ས་སྐྱ་པ་ཆེན་པོའི་རྣམ་པར་ཐར་པ་ལ་སོགས་པ་གསུངས་ནས། བླ་མ་དམ་པ་དེ་རྣམས་ལ་ཡོན་ཏན་གྱི་ཕུང་པོ་དེ་ལྟ་བུ་མངའ་ཞིང་། བསྟན་པའི་བྱ་བ་དེ་