[A:༡༤ན]ནོ། །དེ་ལྟ་བུའི་བླ་མ་ཆེན་པོ་དེ་ཉིད་ལ་ལུང་དང་རྟོགས་པའི་ཡོན་ཏན་ཇི་ལྟར་མངའ་བ་གཉིས་ཀྱི། དང་པོ་ལ་གཉིས་ལས། ཐུན་མོང་གི་ཡོན་ཏན་ཇི་ལྟར་མངའ་བ་ནི། དང་པོ་ཉིད་ནས་ཀློག་ཡིག་རྩིས་ལ་སོགས་པ་ལ་བྱང་ཞིང་ལུགས་ཀྱི་བསྟན་བཅོས་རྣམས་དང་། སྐྱེས་པ། བུད་མེད། དུད་འགྲོ། ནོར་བུ་བརྟག་པ། སྒྱུ་རྩལ། སྨན་དཔྱད། སྒྲ། སྙན་ངག སྡེབ་སྦྱོར་ལ་སོགས་པ་ལ་མཁས་པར་གྱུར་པའི་ཚུལ་དེ་དག་གི་སྒོ་ནས་འཇིག་རྟེན་པ་ཀུན་གྱི་ཡིད་ཚིམ་པར་མཛད་པ་ཡིན་ནོ། །གཉིས་པ་ཐུན་མོང་མ་ཡིན་པའི་ཡོན་ཏན་ལ་གཉིས་ཀྱི། སྤྱིར་གསན་སྦྱོང་མཛད་ཚུལ་ནི། ཐོག་མ་ཁོ་ནར་ཡབ་ལས་ཀྱེ་རྡོ་རྗེའི་དབང་ཞུས་ཏེ། དེའི་ཐུགས་སུ་ཆུད་པའི་ཆོས་རྣམས་ཅི་རིགས་པར་གསན་ནོ། །དེ་ནས་དགུང་ལོ་བཅུ་གཅིག་ལོན་པ་ན་ཡབ་བདེ་བར་གཤེགས་ཏེ་རྩིས་བྱས་པས། གཤེགས་རྫོང་བྱེད་པ། ཕྱི་རྟེན་གྱི་འགྲམ་འདིང་བ། གདན་ས་བ་ཚུད་པ་རྣམས་ཉིན་གཅིག་ལ་གྲུབ་ན་ཤུལ་དུ་ཕུན་སུམ་ཚོགས་པ་ཡོང་ཟེར་བས། ཡུམ་ན་རེ། །ཉིད་ཀྱི་ཡབ་ཀྱང་ལོ་ཙཱ་བ་དང་འབྲེལ་ཤིན་ཏུ་ཆེ་ཞིང་ཆོས་འདི་བརྫུན་ཆུང་ཟེར་ནས་མཉེས་ཏེ། ཡབ་ཀྱི་སློབ་དཔོན་ཡང་ལོ་ཙཱ་བ་ཡིན་པས་ཉིད་ཀྱང་ལོ་ཙཱ་བ་ཅིག་ལ་ཆོས་སློབ་དགོས་ཤིང་། ཉིད་ཆུང་བས་འོ་ཅག་གི་དགོན་པ་མི་ཟིན། གདན་ས་ཡང་བ་རི་ལོ་ཙཱ་བ་ལ་གཏད་པ་དྲག་ཟེར་ནས། བ་རི་བ་གཡུ་མཁར་མོ་ན་ཡོད་པ་སྤྱན་དྲངས་ཏེ་འཕྲང་བྲག་དམར་གཉིས་བསགས་ནས་ཆོས་འཁོར་བྱེད་པ། ཕྱི་རྟེན་གྱི་འགྲམ་འདིང་བ། བ་རི་བ་གདན་ས་སྟོན་པ་རྣམས་ཉིན་གཅིག་ལ་བྱས་ཏེ། ཞིང་མོ་ཆེ་མ་གཏོགས་པའི་གཞིས་ཚོ་བླ་མ་བ་རི་