[A:༡༤བ]ལོ་ཙཱ་བ་ལ་གཏད་དོ། །བླ་མའི་ཞལ་ནས་ཁྱོད་ཕ་ཇོ་སྲས་ཀྱི་བུ་ལ་སློབ་གཉེར་བྱེད་དགོས་པ་ཡིན། དེ་ལ་ཤེས་རབ་དགོས་པས་དེའི་ལྷ་འཕགས་པ་འཇམ་དཔལ་ཡིན་ཞིང་། ཨ་ར་པ་ཙ་ན་འདི་སྒྲུབས་གསུངས་ནས་བསྒྲུབས་པས། རེས་འགའ་དུང་གི་མི་ཆེན་པོ་ཅིག་ཡོང་། རེས་འགའ་སེང་གེ་ཆེན་པོ་བྱུང་བ་བླ་མ་ལ་ཞུས་པས། འབྱུང་པོ་དཔེ་དཀར་ཁོ་བར་ཆད་བྱ་འདོད་པས། བར་དེར་ཇོ་བོ་མི་གཡོ་བའི་སྒོམ་བཟླས་གྱིས་གསུངས་ནས། དེའི་རྗེས་གནང་དང་ཆུའི་སྲུང་བ་སྒྲུབ་ཐབས་ཡན་ལག་དང་བཅས་པ་རྫོགས་པར་གནང་སྟེ། དེ་ལྟར་མཛད་པས་བར་ཆད་ཞི་ནས་ཟླ་བ་དྲུག་ནས་འགྲུབ་སྟེ་འཇམ་དཔལ་གྱིས་ཞལ་གཟིགས་ཤིང་། དེའི་སྒྲུབ་ཁང་འཇམ་དཔལ་བྲག་ཁུང་དུ་གྲགས་པ་བླ་བྲང་ཤར་གྱི་དཀྱིལ་ན་ཡོད་དོ། །དེ་ལྟར་འཇམ་དབྱངས་ཀྱིས་མངོན་སུམ་དུ་ཞལ་བསྟན་ནས་ཞེན་པ་བཞི་བྲལ་གྱི་གདམས་པ་སྩལ་ཞིང་། འཇམ་དབྱངས་ཀྱི་ཐུགས་ཀ་ནས་རལ་གྲི་མུ་འབྲེལ་བ་བདུན་བླ་མ་ཉིད་ཀྱི་ཐུགས་ཀར་ཐིམ་པའི་སྣང་བ་བསྟན་པ་ནི། གདུང་བརྒྱུད་རྣམས་ཀྱང་འཇམ་དབྱངས་ཀྱི་སྤྲུལ་པ་ཤ་སྟག་དང་། ཁྱད་པར་འཇམ་དབྱངས་གདུང་བརྒྱུད་འབྱོན་པའི་རྟེན་འབྲེལ་ཡིན་པར་བཤད་ཅིང་། དེ་ལྟར་ཡི་དམ་གྱི་ལྷས་དངོས་སུ་བྱིན་གྱིས་བརླབས་པས་ཤེས་བྱ་ཕལ་མོ་ཆེ་འབད་མེད་དུ་ཐུགས་སུ་ཆུད་མོད་ཀྱང་། དམ་པའི་སྤྱོད་པ་དང་མཐུན་པར་བསྟན་པ་དང་། ཕྱི་རབས་ཀྱི་གང་ཟག་རྣམས་ཀྱི་བསམ་ངོ་དང་བསྟུན་ནས་ཐོས་པ་མཛད་པའི་ཚུལ་ནི། དེ་ནས་དགུང་ལོ་བཅུ་གཉིས་བཞེས་པའི་དུས་སུ་ད་ཇོ་སྲས་འདི་སློབ་གཉེར་ཅིག་ལ་གཏོང་དགོས་པས་གང་དུ་གཏང་བ་དྲག་གྲོས་བྱས་པས། ཆོས་ཀྱི་བཤད་