R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༤༠ན
[A:༡༤༠ན]འཁྲུངས་པ་དེ་ནས་འཕེལ་བ་ནི་མ་བྱུང་ཞིང་། ཆོས་ཀྱི་རྒྱལ་པོ་འཕགས་པ་དང་ཡུམ་མི་གཅིག་པའི་གཅུང་སློབ་དཔོན་ཆེན་པོ་ཡེ་ཤེས་འབྱུང་གནས་ཀྱིས་མ་གཅིག་ཁབ་སྨད་མར་ཡང་གྲགས་ཤིང་ཡང་ཇོ་མོ་འབུམ་མེར་ཡང་གྲགས་པ་དེ་ཉིད་ཁབ་ཏུ་བཞེས་པ་ལས། སྲས་བདག་ཉིད་ཆེན་པོ་བཟང་པོ་དཔལ་ཞེས་མཚན་ཡོངས་ལ་གྲགས་པ་དེ་ཉིད། ཡབ་དགུང་ལོ་ཉེར་ལྔ་པ་ཆུ་ཕོ་ཁྱིའི་ལོ་ལ་བོ་དོང་ཨེར་འཁྲུངས་ཞེས་སྟག་ཚང་གདུང་རབས་དང་། ཉི་ལྡེ་གདུང་རབས་ལས་བཤད་ཅིང་། གཙང་བྱམས་པའི་གདུང་རབས་ལས་ཁབ་སྨད་དུ་འཁྲུངས་པར་བཤད་དེ། གང་ལྟར་བདག་ཉིད་ཆེན་པོ་འདི་འཁྲུངས་ནས་དགུང་ལོ་བཅུ་དྲུག་ལོན་པའི་དུས་འཕགས་པ་རིན་པོ་ཆེ་ཧོར་ཡུལ་ནས་ཡར་བྱོན་པ་དང་མཇལ་ཏེ་དབང་ལུང་མན་ངག་ལ་སོགས་པ་ཆོས་མང་དུ་གསན་པའི་སྐབས་ཤིག་ཏུ་འཕགས་པ་རིན་པོ་ཆེས་བླ་མ་འདི་ལ་ཡུན་རིང་པོ་ཞིག་གཟིགས་ནས། ད་གཟོད་མི་རེས་པུས་མོ་ལ་བབས་པའི་དུས་ཀྱང་སྲིད། ཡོན་ཏན་འབུངས་ལ་སློབས་ཞེས་གསུངས་ཤིང་། ཡང་སྐབས་ན་ངའི་རྨི་ལམ་དུ་ཕྱག་ནའི་རི་བརྒྱུད་ཡིན་ཟེར་བ་གཉིས་ལས་མི་འདུག ཡེ་འབྱུང་གི་རི་བརྒྱུད་ཡིན་ཟེར་བ་ཤིན་ཏུ་མང་བ་འདུག་པ་ཅིག་རྨིས་གསུངས། དེ་ནས་བདག་ཉིད་ཆེན་པོ་འདིས་དགུང་ལོ་བཅུ་དགུ་བཞེས་པས་འཕགས་པ་རིན་པོ་ཆེ་ཞི་བར་གཤེགས། དེའི་སྐབས་སུ་ཕྱག་ན་རྡོ་རྗེ་གདུང་བརྒྱུད་སྤེལ་པའི་འོས་སུ་སྔ་མོ་ནས་བཞག་པ་དང་གྲགས་ཆེ་ཆུང་གི་དབང་གིས་ཡབ་སྐུ་མཆེད་ཀྱི་སྲས་སྐུ་མཆེད་འདི་བགྲེས་པ་ཡིན་ནའང་ཕྱག་ནའི་སྲས་དྷརྨ་པཱ་ལ་གདན་ས་ལ་བཞུགས། འདི་རང་དགར་